བོད་ནང་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་བཞིན་པ་དེས་བོད་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་སྲིད་པའི་སེམས་ཚབས་ཡོད་པ།
2020.08.08
རྒྱ་ནག་གི་ས་གནས་ཁག་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཡོད་མུས་ལ་མ་ལྟོས་པར། རྒྱ་ནག་གཞུང་གིས་རྒྱ་ནག་གི་ས་གནས་ཁག་ནས་རྒྱ་མི་རིགས་ཡུལ་སྐོར་སྤྲོ་འཆམ་པ་འཕོན་ཆེ་བོད་ནང་གཏོང་གི་ཡོད་པར་བོད་མི་ཚོས་སེམས་ཚབས་ཆེན་པོ་བྱེད་བཞིན་ཡོད་པ་རེད།
དེ་ཡང་བོད་ཀྱི་རྒྱལ་ས་ལྷ་ས་ནས་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བའི་ནང་། དེང་སྐབས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་གྱི་གནས་ཆེན་ཁག་ཏུ་ལྟ་བསྐོར་དུ་ཡོང་མཁན་རྒྱ་མི་ཧ་ཅང་འཕོན་ཆེན་ཡོད་པ་དང་། ཡིན་ནའང་བོད་ནང་གནས་སྡོད་གནང་མཁན་བོད་མི་ཚོར་སེམས་ཚབས་ཆེ་ཤོས་ནི་། རྒྱ་ནག་ནས་རྒྱ་མི་རིགས་འཕོན་ཆེ་བོད་ནང་ཡུལ་སྐོར་སྤྲོ་འཆམ་སོགས་ཀྱི་ཆེད་གཏོང་གི་ཡོད་པ་དེས། བོད་ནང་ལ་ཡང་ནད་ཡམས་ཁྱབ་གདལ་འགྲོ་སྲིད་པའི་སེམས་ཚབས་ཡོད་པ་འགྲེལ་བརྗོད་གནང་འདུག
ཡང་བོད་མི་གཞན་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བའི་ནང་ད་ལོ་བོད་པའི་ལོ་གསར་ཙམ་ནས་བཟུང་གཙུག་ལག་ཁང་གི་གཡས་གཡོན་དུ་ལྕགས་རི་མཐོན་པོ་རྒྱབ་ནས་དེའི་ནང་ག་རེ་བྱེད་ཀྱི་ཡོད་མེད་ཕྱི་ནས་ཤེས་རྟོགས་མེད་པའི་སྐོར་ངོ་སྤྲོད་གནང་གི་འདུག
བོད་ལྗོངས་དྲ་བ་ཞེས་པའི་རྒྱ་ནག་གཞུང་འབྲེལ་གསར་འགྱུར་རྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་བོད་རང་སྐྱོང་ལྗོངས་ཀྱིས་ནུས་ཤུགས་གང་ཡོད་ཀྱིས་ཁེ་ལས་ལ་དཀའ་ངལ་སེལ་ཐབས་དང་ཡུལ་སྐོར་ཁེ་ལས་ཀྱི་ལས་དོན་དང་ཐོན་སྐྱེས་སླར་གསོར་སྐུལ་འདེད་བཏང་བ་དང་འབྲེལ་འདི་ལོ་ལོ་སྟོད་དུ་བོད་རང་སྐྱོང་ལྗོངས་ཀྱིས་ཡུལ་སྐོར་པ་མི་ཁྲི་བརྒྱད་རྒྱ་གསུམ་ཅུ་ལྷག་ཙམ་ལ་སྣེ་ལེན་བྱས་ཡོད་ལུགས་དང་ལྷག་པར་དུ་ད་ལོ་ཕྱི་ཟླ་ལྔ་པ་དང་དྲུག་པ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་གནས་སྟངས་ཀྱི་འཕར་ཚད་རྒྱལ་ཡོངས་ནས་མགྱོགས་ཤོས་ཡིན་པའི་སྐོར་བཀོད་འདུག།