རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་ཀྱི་གློག་བརྙན།
2013.02.06
དེ་ཡང་ནོར་ཝེ་རྒྱལ་ས་Osloནང་ཕྱི་ཟླ་གཉིས་པའི་ཚེས་༥ནས་ཚེས་༡༠་བར་ད་རེས་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གློག་བརྙན་དུས་སྟོན་སྐབས། སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནད་དོན་དང་། དེ་བཞིན་ད་ལྟའི་རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན། སྨྲ་བརྗོད་རང་དབང་སོགས་ཀྱི་གནད་དོན་ཐོག་ལ་བགྲོ་གླེང་ཡང་གནང་གི་ཡོད་འདུག དེ་བཞིན་སྐབས་དེར་བོད་ཀྱི་དངོས་བཤུས་གློག་བརྙན་ཁག་གསུམ་གཟིགས་འབུལ་གནང་གི་ཡོད་པ་དང་། དེ་ཚོའི་ནང་རྒྱ་ནག་གཞུང་གིས་བཙོན་འཇུག་བྱེད་བཞིན་པའི་བོད་མི་དོན་གྲུབ་དབང་ཆེན་ལགས་ཀྱིས་བཟོ་སྐྲུན་གནང་བའི་དངོས་བཤུས་གློག་བརྙན་འཇིགས་བྲལ་དང་། དེ་བཞིན་ གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས་དང་། ཁོང་གི་སྐུ་ཟླ་རི་ཐོ་སའ་རན་ལགས་གཉིས་ནས་བཟོ་སྐྲུན་གནང་བའི་སྤྲིན་པའི་རྒྱབ་ཀྱི་ཉི་མ། དེ་མིན་ངག་དབང་ཆོས་འཕེལ་ལགས་ཀྱིས་བཟོས་གནང་བའི་དབྱངས་ལ་ཐིམ་པའི་བོད་ཅེས་པ་གསུམ་ཡིན་འདུག
གནས་ཚུལ་ལྟར་ན། བོད་མི་མང་སྤྱི་འཐུས་ཆུང་བདག་ལགས་སྐབས་དེར་མཉམ་ཞུགས་བྱས་ནས་བོད་ནང་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་གི་གནད་དོན་དང་འབྲེལ་བའི་སྐོར་ལ་གཏམ་བཤད་གནང་རྒྱུ་ཡིན་འདུག