ཐེ་དབན་ནང་བོད་དོན་དྲིལ་བསྒྲགས་ཆེད་གློག་བརྙན་བསྟན་ཡོད་པ།

ཐེ་དབན་ནང་བོད་ཀྱི་གནམ་ལོ་གསར་ཚེས་སྲུང་བརྩི་ཟབ་རྒྱས་དང་འབྲེལ་བོད་དོན་དྲིལ་བསྒྲགས་ལ་དམིགས་པའི་གློག་བརྙན་ཡང་དབུ་འབྱེད།

2011.03.08

༄༅༎བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་དོན་གཞིགས་ན་ བོད་ལྕགས་ཡོས་ལོའི་གནམ་ལོ་གསར་ཚེས་ཉིན་བོད་གཞུང་ཐེ་དབན་སྐུ་ཚབ་དོན་ཁང་གི་མཆོད་ཁང་དུ་ཆོས་ཕྱོགས་ཀྱི་ལོ་གསར་གྱི་རྟེན་འབྲེལ་མཛད་སྒོ་སྒྲིགས་ཞུས་ཡོད་པ་དང་ དགོང་དྲོ་བོད་མི་འདུས་སྡོད་མང་བའི་ཐོ་ཡོན་ས་གནས་སུ་ཐེ་དབན་དུ་གནས་སྡོད་བོད་རིགས་ཚོགས་པས་གོ་སྒྲིག་ཐོག་སྤྱན་རས་གཟིགས་ཆོས་ཚོགས་ནང་བོད་མི་རྣམས་མཉམ་འཛོམས་ཀྱིས་བོད་ཀྱི་ལོ་གསར་དགའ་སྟོན་སྲུང་བརྩི་ཞུས་ཡོད་པ་རེད་ བོད་གཞུང་ཐེ་དབན་སྐུ་ཚབ་དོན་གཅོད་ཁང་ནས་ སྐབས་དེར་བོད་མི་རྣམས་བཙན་བྱོལ་དུ་མི་ལོ་ལྔ་བཅུ་འདས་པའི་བོད་མི་སྤྱི་ཡོངས་ཀྱི་གནས་སྟངས་སྐོར་ཆེད་དུ་བཟོ་སྐྲུན་གནང་བའི་དངོས་བྱུང་གློག་བརྙན་ལེགས་གྲུབ་ཟིན་པ་དེ་བྱང་རྩེ་མཁན་ཟུར་བློ་བཟང་ཚེ་འཕེལ་རིན་པོ་ཆེ་མཆོག་དང་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་རྣམ་གཉིས་ནས་དབུ་འབྱེད་གནང་བཞག དུས་ཡུན་སྐར་མ་༩༠ཙམ་གྱི་གློག་བརྙན་གཟིགས་འབུལ་གྲུབ་རྗེས་འདུ་འཛོམས་སུ་ཕེབས་པའི་བོད་མི་དང་ཐེ་ཝན་མི་རིགས་རྣམས་ལ་གློག་བརྙན་གྱི་འོད་སྡེར་རེ་རེ་ལོ་གསར་གྱི་ཕྱག་རྟགས་ཚུལ་དུ་གསོལ་རྩལ་གནང་ཡོད་པ་རེད་ གློག་བརྙན་གཟིགས་འབུལ་གྲུབ་མཚམས་བྱང་རྩེ་མཁན་ཟུར་རིན་པོ་ཆེ་མཆོག་གིས་བོད་མི་རྣམས་དཀའ་སྡུག་འོག་ནས་བཙན་བྱོལ་དུ་གྱར་དགོས་བྱུང་ཡང་གཞིས་བཞུགས་བོད་མི་རྣམས་ད་དུང་མུ་མཐུད་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་པར་སོང་ ཕྱི་ཕྱོགས་སུ་རང་དབང་རྒྱལ་ཁབ་ནང་ཡོད་པའི་བོད་མི་ཚོས་ཧུར་ཐག་བྱེད་དགོས་པའི་སློབ་སྟོན་གནང་ཡོད་པ་རེད་ དེ་བཞིན་ཡང་རིན་པོ་ཆེ་མཆོག་གིས་བོད་མི་རྣམས་ནས་ལྷ་སྲུང་བསྟེན་ཕྱོགས་སྐོར་གཟབ་ནན་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་སྕལ་བའི་ནང་བོད་གཞུང་གི་སྲུང་མ་ནི་དཔལ་ལྡན་ལྷ་མོ་ཡིན་པར་བརྟེན། བོད་མི་ཚོས་སྲུང་མ་གཞན་བསྟེན་དགོས་དོན་མེད་པའི་སྐོར་ནན་བརྗོད་གནང་བ་དང་ཕྱོགས་མཚུངས་ ཐེ་དབན་དུ་གནས་སྡོད་བོད་མི་རྣམས་ནས་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་འོག་ཤར་བསྐྱོད་གནང་དགོས་པའི་ལམ་སྟོན་ཡང་གནང་ཡོད་པ་རེད་ ཡང་ད་རེས་ལོ་གསར་གྱི་འདུ་འཛོམས་དེའི་ཐོག་ཐེ་དབན་བོད་གཞུང་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ཕྱི་ནང་གི་བོད་མིའི་གནས་བབ་དང་ དེང་སྐབས་ཐེ་དབན་ནང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཉིན་ལྟར་རྒྱ་མི་རིགས་སུམ་སྟོང་ལྷག་ཡུལ་སྐོར་སྤྲོ་འཆམ་དུ་ཡོང་གི་ཡོད་སྟབས་ ས་གནས་འདི་བཞིན་ བོད་དོན་དྲིལ་བསྒྲགས་བྱ་ཡུལ་གལ་གནད་ཆེ་བ་ཡིན་སྐོར་དང་ ཐེ་དབན་དུ་གནས་སྡོད་བོད་རིགས་ཚོགས་པ་སོགས་ཀྱི་ཚོགས་མི་རྣམས་ཀྱིས་ ད་ཕན་བོད་དོན་ཐོག་ལས་དོན་ཧུར་ཐག་གནང་ཡོད་ལ་ ད་དུང་མུ་མཐུད་གནང་སྐྱོང་ཡོང་བ་སོགས་ཀྱི་གསུང་བཤད་འདུག་༎


 


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎