ཁྱི་རྒན་ཞེས་པའི་བོད་པའི་གློག་བརྙན་ལ་གཟེངས་རྟགས་ཐོབ།
2012.06.11
༄༅༎བོད་ནང་གི་གློག་བརྙན་བཟོ་སྒྲིག་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་ཁྱི་རྒན་ཞེས་པ་དེར་ཨ་རིའི་སྦུ་རུཀ་ལིན་གློག་བརྙན་དུས་སྟོན་ཐོག་ ཕུལ་བྱུང་གློག་བརྙན་གྱི་གཟེངས་རྟགས་ཐོབ་གནང་བཞག།
ཟླ་བ་འདིའི་ཚེས་༡ནས་༡༠བར་ཚུགས་པའི་སྦུ་རུཀ་ལིན་གློག་བརྙན་དུས་སྟོན་ཐོག་འཛམ་གླིང་གི་རྒྱལ་ཁབ་༣༠ཙམ་ནས་གློག་བརྙན་མི་འདྲ་བ་བརྒྱ་ལྷག་འགྲན་བསྡུར་ནང་ཞུགས་ཡོད་པ་ནས་ བོད་པའི་གློག་བརྙན་ ཁྱི་རྒན་ཞེས་པ་ལ་འོས་ཤོག་མང་ཤོས་ཐོབ་ནས་ཕུལ་བྱུང་གློག་བརྙན་གྲས་སུ་ཚུད་པར་གཟེངས་རྟགས་ཨ་རིའི་ཌོ་ལར་ལྔ་ཁྲི་བདུན་སྟོང་ཐོབ་གནང་བཞག། སྦུ་རུཀ་ལིན་གློག་བརྙན་དུས་སྟོན་ཐོག་གཟེངས་རྟགས་ཐོབ་པའི་གློག་བརྙན་གྱི་རིགས་དེ་ཚོར་གློག་བརྙན་བཟོ་སྐྲུན་གྱི་གཞི་ཡུལ་ནང་ཡིད་ཆེས་དང་གདེང་འཇོག་མཐོ་པོ་ཐོབ་ཀྱི་ཡོད་སྟབས། མ་འོངས་པར་དབྱིན་ཡུལ་དང་ཨ་མི་རི་ཀ་གཉིས་ཀའི་གློག་བརྙན་འགྲན་བསྡུར་ནང་ངོས་འཛིན་དང་གཟེངས་རྟགས་འཐོབ་རྒྱུའི་རེ་བ་ཆེན་པོ་ཡོད་པ་རེད།
ཁྱི་རྒན་ཞེས་པའི་གློག་བརྙན་དེའི་ནང་དོན་ནི་རྒན་གཞོན་དབར་གྱི་བསམ་བློའི་ཁྱད་པར་གྱི་ཐོག་ནས་བོད་ནང་གི་སྤྱི་ཚོགས་འགྱུར་བའི་སྐོར་ཡིན་ཞིང༌། གློག་བརྙན་དེའི་ནང་འཁྲབ་སྟོན་གནང་མཁན་དབྱངས་འབུམ་རྒྱལ་ལགས་དང་སྒྲོལ་མ་སྐྱབས་ལགས། བློ་ཆེ་དང་རྟ་མགྲིན་མཚོ་བཅས་ཡིན་པ་དང༌། པར་ལེན་གནང་མཁན་ གསོན་མཐར་རྒྱལ་ལགས་དང་གློག་བརྙན་ཕྱོགས་བསྒྲིགས་གནང་མཁན་ སངས་རྒྱས་འབུམ་ལགས་རེད་འདུག།
ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་དུ་གོང་ཞུས་སྦུ་རུཀ་ལིན་གློག་བརྙན་དུས་སྟོན་ཐོག་ཕེབས་པའི་ གློག་བརྙན་བཟོ་བསྒྲིགས་པ་ པདྨ་ཚེ་བརྟན་ལགས་ཀྱིས་ གློག་བརྙན་
ཨ་མི་རི་ཀ་ཞེས་པ་ཞིག་བཟོ་སྒྲིག་གནང་རྒྱུའི་འཆར་གཞིའི་སྐོར་གཏམ་བཤད་གནང་འདུག། གློག་བརྙན་དེའི་ནང་དོན་ནི་བོད་དབུས་ཁུལ་དུ་བོད་པའི་ཁྱིམ་ཚང་གཅིག་གིས་ ཕྱི་རྒྱལ་ནས་རིན་གོང་ཆེན་པོ་སྤྲད་པའི་བ་ཕྱུགས་ཤིག་ཉོས་ཏེ་གསོ་སྐྱོང་བྱེད་མ་ཤེས་པར་ བ་ཕྱུགས་དེ་མེད་པ་ཆགས་པའི་སྐོར་སྒྲུང་རེད་འདུག། དེའི་གོང་ པདྨ་ཚེ་བརྟན་ལགས་ཀྱིས་བཟོས་གནང་བའི་གློག་བརྙན་ འཚོལ་ཞིབ་ལ་ཧྲང་ཧད་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་གཟེངས་རྟགས་ཐོབ་ཡོད་པ་དང༌། ཁོང་གིས་བོད་ཡིག་དང་རྒྱ་ཡིག་གཉིས་ཀྱི་ནང་སྒྲུང་ཐུང་ངུ་དང་བཅོས་སྒྲུང་མི་འདྲ་བ་ཁག་༥༠ཙམ་རྩོམ་བྲིས་གནང་ཡོད་པ་དང༌། སྦྲང་ཆར་དུས་དེབ་ཀྱིས་གཉེར་བའི་བོད་ཀྱི་རྩོམ་ཡིག་གཟེངས་རྟགས་ཞེས་པ་ཞིག་ཀྱང་་ཁོང་ལ་ཐོབ་གནང་ཡོད་པ་རེད།