བོད་མིའི་སྤྱི་ཚོགས་སུ་འཛམ་གླིང་འཕྲོད་བསྟེན་ཉིན་མོར་སྲུང་བརྩི།
2009.04.08
༄༅༎ཁ་ས་ཕྱི་ལོ་ཉིས་སྟོང་དགུ་ལོའི་ཕྱི་ཟླ་བཞི་པའི་ཚེས་བདུན་ཉིན་མོ་དེ་ནི་འཛམ་གླིང་འཕྲོད་བསྟེན་ཉིན་མོ་འཁེལ་གྱི་ཡོད་སྟབས་བཙན་བྱོལ་བོད་གཞུང་འཕྲོད་བསྟེན་ལྷན་ཁང་ནས་དེ་ཉིན་འཛམ་གླིང་འཕྲོད་བསྟེན་གྱི་ཉིན་མོ་སྲུང་བརྩི་ཞུས་གནང་ཡོད་པ་རེད།
དེ་ཉིན་བཙན་བྱོལ་བོད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་དང་བདེ་ལེགས་སྨན་ཁང༌།སྨན་རྩིས་ཁང༌།དེ་བཞིན་དགོན་སྡེ་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མི་སྣ་སོགས་བཞུགས་སྒར་རྡ་རམ་ས་ལའི་གངས་ཅན་སྐྱིད་གཞོངས་སུ་འདུ་འཛོམས་ཀྱིས་འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས་གནང་ཡོད་ཅིང་དེའི་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་ནས་འཛམ་གླིང་འཕྲོད་བསྟེན་ཉི་མོའི་ཡོངས་ཁྱབ་གསུང་འཕྲིན་ཞིག་བསྩལ་གནང་ཡོད་པ་དེ་དག་འཕྲོད་བསྟེན་དྲུང་ཚབ་བསོད་ནམས་ཆོས་འཕེལ་ལགས་ཀྱིས་དེ་ཉིན་སྒྲོགས་སྦྱང་གནང་ཡོད་པ་རེད། དེ་ཡང་གསུང་འཕྲིན་དེའི་ནང་ཕྱི་ལོ་༡༩༤༨ལོའི་ཕྱི་ཟླ་བཞི་པའི་ཚེས་བདུན་ཉིན་ནས་བཟུང་འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས་གནང་བ་ནས་བཟུང་ལོ་ལྟར་འཛམ་གླིང་གི་ས་ཕྱོགས་གང་སར་འཛམ་གླིང་འཕྲོད་བསྟེན་གྱི་དུས་དྲན་ཉིན་མོ་སྲུང་བརྩི་ཞུ་གནང་སྲོལ་ཡོད་པ་རེད། ཡང་ཁོང་གིས་མུ་མཐུད་གསུང་ན་འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས་གནང་བ་དང་སྦྲགས་འཕྲོད་བསྟེན་སྨན་བཅོས་ཀྱི་མཐུན་འགྱུར་ཇེ་བཟང་དུ་བཏང་ཕྱོགས་དང་ནད་ཡམས་སྔོན་འགོག་གི་ལས་དོན་ཡར་རྒྱས་བཏང་གང་ཐུབ་གནང་དགོས་པའི་སྐོར་དང་དེ་ག་ནང་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་དུ་དེ་ཉིན་ནས་བཟུང་སོ་སོའི་སྡོད་ཡུལ་ས་གནས་ཁག་ཏུ་ཡོད་པའི་སྨན་ཁང་སོ་སོར་ཛ་དྲག་སྨན་བཅོས་ཀྱི་མཐུན་རྐྱེན་ཡར་རྒྱས་གཏོང་རྒྱུ་དང་འབྲེལ་ཡོད་སྨན་པ་དང་ལས་བྱེད་བཅས་པ་ཚང་མས་ནད་པའི་དཀའ་ངལ་དངོས་སུ་སེལ་རྒྱུའི་ཀུན་སློང་བཟང་པོ་ཞིག་དགོས་པ་སོགས་འབོད་སྐུལ་གནང་ཡོད་པ་དང་ལྷག་པར་དུ་མང་ཁྲོད་ཏུ་ཀྲི་སྦི་འམ་གློ་ནད་སྔོན་འགོག་ལས་དོན་གང་གཟབ་སྤེལ་ཏེ་བོད་མིའི་འཕྲོད་བསྟེན་གྱི་བྱ་གཞག་གོང་ནས་གོང་ཏུ་འཕེལ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུང་འཕྲིན་དེའི་ནང་བཀོད་ཡོད་པ་རེད།