འདས་པོ་ཚོའི་ཆེད་མཆོད་འབུལ་སྨོན་ལམ་ཚོགས་འདུག
2013.01.21
དེ་ཡང་ཐེ་ཝན་ནང་ཡོད་པའི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། བོད་རིགས་སྤྱི་མཐུན་ཚོགས་པ་མཉམ་སྦྲེལ་གྱི་ཐོག་ནས་གཟའ་སྤེན་པའི་ཉིན་བོད་ནང་བོད་མི་རང་ལུས་མེར་སྲེགས་བཏང་མཁན་སྤྱི་དང་། ལྷག་པར་དུ་འདས་པའི་ཉི་མ་འགའ་ཤས་ནང་། ཨ་མདོ་ཀན་ལྷོ་ཨ་མཆོག་ཕྱོགས་ནས་རང་ལུས་མེར་སྲེགས་བཏང་ནས་རྐྱེན་ལམ་དུ་ཕྱིན་པའི་ཚེ་རིང་བཀྲིས་ལགས་དང་། གྲུབ་མཆོག་རྣམ་གཉིས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་གསུངས་འདོན་ཞུས་འདུག སྐབས་དེར་ཁུལ་དེར་གནས་འཁོད་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ་ཚོ་མཉམ་ཞུགས་གནང་ཡོད་འདུག ཐེ་ཝན་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་བོད་མི་ཚོར་མ་འོངས་པར་བོད་དོན་ལས་འགུལ་སྤེལ་བའི་སྐབས་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱི་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་ཞུས་པ་དང༌། ལྷག་པར་དུ་བོད་ནང་བོད་མི་རང་ལུས་མེར་སྲེགས་བཏང་མཁན་ཚོར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ནི་གལ་ཆེན་པོ་ཡིན་པའི་སྐོར་གསུངས་ཡོད་འདུག