རྒྱ་གཞུང་གིས་ཁམས་འབའ་ཐང་དུ་ས་ཞིང་བཙན་འཕྲོག་བྱས་པ།
2012.09.15
༄༅༎ཁམས་འབའ་ཐང་དུ་ས་ཞིང་བཙན་འཕྲོག་བཏང་ནས་རྒྱ་ནག་ནས་གནས་སྤོས་ཡོང་བའི་རྒྱ་མི་ཁྲི་༣་གྱི་སྡོད་ཁང་གི་གསར་རྒྱག་བྱ་འཆར་ཡོད་འདུག
བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཁམས་འབའ་ཐང་གི་རྫོང་གི་ཉེ་འགྲམ་གྱི་ས་ཞིང་ཚང་མ་དོ་བདག་ཞིང་པ་ཚོའི་འདོད་མོས་ཡོད་མེད་ལ་མ་ལྟོས་པར་ས་ཞིང་བདག་པོ་རྒྱལ་ཁབ་ཡིན་ལུགས་དང༌། དོ་བདག་ནས་རང་འགུལ་ཐོག་རྫོང་སྲིད་གཞུང་ལ་ཡར་སྤྲོད་ན་ས་ཞིང་གི་རིན་བབ་དོད་གུན་གསབ་སྤྲོད་ཀྱི་ཡིན་ཚུལ་དང་། དེ་མིན་གཞུང་བཞེས་བཏང་སྟེ། ས་ཞིང་རིན་པ་སྐར་གང་ཡང་ཐོབ་ཀྱི་མེད་ཚུལ་གྱི་འཇིགས་སྣང་སྐུལ་ནས་ས་ཞིང་མང་པོ་རྫོང་སྲིད་གཞུང་གིས་བཙན་འཕྲོག་བྱས་འདུག
ཕྱི་ཟླ་༩ཚེས་༡༧ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མགོ་ཁྲིད་རྣམས་དང་རྫོང་ཁག་བཅོ་བརྒྱད་སོ་སོའི་འཐུས་མི་བསྡུ་སྐོང་གིས་ཁང་པ་གསར་བསྐྲུན་གྱི་མཛད་སྒོ་འཚོགས་འཆར་ཡོད་པ་དང༌། མི་མང་རྣམས་ངེས་པར་དུ་མཉམ་ཞུགས་དགོས་པའི་བཀའ་བཏང་ཡོད་རུང་། མི་མང་ཚོས་ད་བར་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཚོར་མྱ་ངན་དང་། ས་ཞིང་བཙན་འཕྲོག་བྱས་པར་ངོ་རྒོལ་མཚོན་སླད་དུ་དགའ་སྟོན་མཛད་སྒོར་མཉམ་ཞུགས་བྱ་རྒྱུ་མིན་སྐོར་བརྗོད་ཡོད་འདུག
ཁམས་འབའ་ཐང་ཁུལ་གྱི་ཡུལ་མིའི་འཚོ་བསྟེན་གཙོ་བོ་ཞིང་ཁ་ཡིན་པས་ས་ཞིང་དེ་དག་གཞུང་བཞེས་བཏང་རྗེས་མ་འོངས་པའི་འཚོ་བསྟེན་དམིགས་སྒོ་གང་ཡང་མེད་པ་ཆགས་ཡོད་སྟབས། གནས་ཚུལ་དེ་ཕྱིར་སྡོད་བཙན་བྱོལ་གཞུང་དང་འཛམ་གླིང་གི་སྲིད་གཞུང་ཁག་ལ་ཞུས་ནས་རོགས་རམ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད་འདུག།