རྒྱལ་བསྟན་དགེ་རྩ་སློབ་གྲྭའི་བསླབ་གཞི་རྒྱ་ཡིག་ནང་སྒྱུར་དགོས་པའི་བཙན་བཀའ།
ཕྱི་ཟླ་༨པའི་ཚེས་མགོ་ཙམ་ལ་རྒྱ་ནག་གཞུང་གིས་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཏྲེ་ཧོར་དར་རྒྱས་རོང་པ་ཚ་ཡུལ་ཚོར་བརྟེན་གཞི་བྱས་ཡོད་པ་རྒྱལ་བསྟན་དགེ་རྩ་སློབ་གྲྭའི་བསླབ་གཞི་ཚང་མ་བོད་ཡིག་དང་བོད་སྐད་ནང་ཡོད་སྟབས། ས་གནས་སྲིད་གཞུང་ནས་བཀོད་ཁྱབ་བཏང་སྟེ་ཁྲིད་གཞི་ཚང་མ་རྒྱ་ཡིག་རྒྱ་སྐད་ནང་བསྒྱུར་དགོས་པ་དང་། འདི་ལོའི་སློབ་མགོ་ཚུགས་པ་ནས་སློབ་གྲྭ་སྤྱིའི་ལོ་འཁོར་ཡིག་རྒྱུགས་སོགས་རྒྱ་ཡིག་ནང་གཏོང་དགོས་པ་མ་ཟད། ད་ལྟ་གནས་སྟངས་དེ་དག་ལ་འགྱུར་བ་མ་བཏང་བ་ཡིན་ན་སྒོ་རྒྱག་རྒྱུ་ཡིན་པ་སོགས་ཀྱི་འཇིགས་སྐུལ་བྱེད་བཞིན་ཡོད་སྐོར་བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་སློབ་གྲྭ་དེ་བཀྲ་ཤིས་དར་རྒྱས་དགོན་པའི་མཆོག་སྤྲུལ་རྒྱལ་བསྟན་བློ་བཟང་བྱམས་གིས་ཐོག་མར་འཛུགས་སྐྲུན་བྱས་ཡོད་ཀྱང་། སྒེར་གཉེར་སློབ་གྲྭ་ལྟ་བུ་མ་ཡིན་པར་རྒྱ་ནག་གཞུང་གིས་སྟངས་འཛིན་དང་གཞུང་གཉེར་སློབ་གྲྭའི་མིང་ཐོག་ནས་ཡོད་པ་དང་། སློབ་གྲྭའི་ཁྲིད་གཞི་ཚང་མ་རྒྱ་ཡིག་ནང་ཁྲིད་དགོས་པའི་གོང་རིམ་གྱི་ཡིག་ཆ་ཞིག་འབྱོར་ཡོད་སྐོར་གོ་ཐོས་ཡོད་ཀྱང་། ད་ལྟའི་ཆར་སློབ་གྲྭ་དེའི་དགེ་ལས་ཡོངས་ལ་དམ་དྲག་རྐྱེན་གྱིས་ལག་སོན་བྱུང་རྒྱུ་དཀའ་ལས་ཁག་པོ་ཡོད་སྐོར་ཡིག་ཐོག་བརྒྱུད་འབྲེལ་བརྗོད་གནང་བྱུང་།
རྒྱ་ནག་གི་གཞུང་འབྲེལ་ནང་བསྟན་དྲ་བ་ཞེས་པའི་རྒྱ་ཡིག་དྲ་རྒྱ་ཞིག་ཏུ་འཁོད་པའི་གནས་ཚུལ་ལྟར་ན། སློབ་གྲྭ་དེ་ཕྱི་ལོ་༡༩༩༤ཟླ་༡༠ཚེས་༡ཉིན་ཡུལ་དེའི་བཀྲ་ཤིས་དར་རྒྱས་དགོན་པའི་མཆོག་སྤྲུལ་རྒྱལ་བསྟན་བློ་བཟང་བྱམས་པ་མཆོག་གིས་གསར་འཛུགས་གནང་ཡོད་པ་དང་། སློབ་གྲྭ་དེར་སློབ་ཆུང་རིམ་པའི་འཛིན་རིམ་དང་པོ་ནས་དྲུག་པ་བར་དང་། ལོ་རིམ་བརྒྱད་པའི་འཛིན་གྲྭ་གཅིག་དང་།སྔོན་འགྲོའི་འཛིན་གྲྭ་གཅིག་བཅས་ཡོད་པ་དང་། སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་གཙོས་པའི་དབྱིན་ཡིག་དང་རྒྱ་ཡིག རྩིས་རིག་དང་གསོ་རིག ལག་ཤེས་སོགས་ཁྲིད་བཞིན་ཡོད་པ་མ་ཟད། ད་བར་སློབ་གྲྭ་དེར་བོད་རིགས་སློབ་མ་༦༤༢མཐར་ཕྱིན་པ་དང་། ལས་རིགས་ལག་རྩལ་འཛིན་གྲྭར་ཞུགས་མཁན་༡༧༠བཅས་ཁྱོན་སློབ་ཕྲུག་ཆིག་སྟོང་ལྷག་སྐྱེད་སྲིང་གནང་ཡོད་སྐོར་བཀོད་འདུག
འདི་ལོ་ནས་བཟུང་རྒྱ་ནག་གཞུང་གིས་སློབ་གསོ་འདྲ་མཉམ་ཞེས་པ་ཞིག་ལ་ཁ་གཡར་ནས་བོད་ཁུལ་གྱི་སྒེར་གཉེར་སློབ་གྲྭ་མང་པོ་སྒོ་རྒྱག་དགོས་པའི་བཀོད་ཁྱབ་རིམ་པར་གཏོང་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ༧ཙམ་ནང་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབ་སྟེ་ད་ལྟའི་ཆར་སློབ་གྲྭ་དེའི་དགེ་ལས་ཚོར་དམ་དྲག་དང་འཛིན་བཟུང་སོགས་བྱས་ཡོད་པ་རེད་ལ། གནད་དོན་དེ་དག་མང་ཆེ་བ་བོད་ཡིག་གཙོ་ཁྲིད་ཀྱི་སློབ་གྲྭ་ཡིན་པས་ཡིན་པ་དང་། ཉེ་སྔོན་རྒྱ་ནག་གཞུང་གིས་བོད་ཞི་བའི་བཅིངས་བཀྲོལ་བཏང་ནས་ལོ་༧༠འཁོར་བ་ཟེར་བའི་དུས་དྲན་མཛད་སྒོའི་སྟེང་། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གྲོས་ཀྱི་མགོ་གཙོ་ཝང་ཡང་ཟེར་བས། བོད་མི་ཚོས་རྒྱ་སྐད་དང་རྒྱའི་རིག་གནས་ལ་འབད་བརྩོན་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་གྱི་ལམ་དུ་ཕྱོགས་དགོས་པ་སོགས་ཀྱི་གཏམ་བཤད་བྱས་ཡོད་པ་རེད།
རྒྱལ་བསྟན་དགེ་རྩ་སློབ་ཆུང་གསར་འཛུགས་གནང་མཁན་མཆོག་སྤྲུལ་རྒྱལ་བསྟན་བློ་བཟང་བྱམས་པ་མཆོག་ཡིན་པ་དང་། ཁོང་ནི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་སྐྱེས་ཤིང་། ཕྱི་ལོ་༡༩༤༩ལོར་བཀྲ་ཤིས་དར་རྒྱས་དགོན་གྱི་མཆོག་སྤྲུལ་རྒྱལ་བསྟན་རིན་པོ་ཆེའི་ཡང་སྤྲུལ་དུ་ངོས་འཛིན་གྱིས་དགོན་པ་དེར་ཆོས་ཞུགས་བྱས་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་ཟི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཡིན་འདུག།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།