རྨ་ལྷོ་ཁུལ་བོད་སྐད་ཡིག་གི་སྲོལ་ཡིག་ཟེར་བར་འགྱུར་བཅོས་བཏང་སྟེ་རྒྱ་ཡིག་དར་སྤེལ་གཏོང་དགོས་པ་གཙོ་འདོན་བྱས་འདུག
ཕྱི་ཟླ་༦ཚེས་༢༩ཉིན་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས། ཕྱི་ལོ་༡༩༩༣གཏན་འབེབས་བྱས་པའི་རྨ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་ཟེར་བར་འགྱུར་བ་བཏང་སྟེ། དེ་སྔ་སྲོལ་ཡིག་རྙིང་བའི་ནང་དུ་གྲངས་ཉུང་མི་རིགས་ས་ཁུལ་དུ་མི་རིགས་ཀྱི་སྐད་ཡིག་གཙོ་བོར་དགོས་པའི་བརྗོད་དོན་ཁག་མེད་པ་བཟོས་ཏེ། ཚབ་ཏུ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་དར་སྤེལ་མཉམ་དུ་བོད་སྐད་ཡིག་དགོས་མཁོ་ལྟར་དར་སྤེལ་དགོས་པར་བཟོས་ཏེ། ཕྱི་ལོ་༢༠༢༣ལོའི་ཟླ་༩བའི་ཚེས་༡ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག་ལ། ད་ལྟའི་ཆར་རྨ་ལྷོ་ཁུལ་ཡོངས་སུ་མི་སྒེར་དང་ཚོགས་པ་སོགས་ཀྱིས་བོད་ཡིག་སྲུང་སྐྱོབ་རིགས་ཀྱི་ལས་དོན་གཅིག་ཀྱང་བསྒྲུབས་བཅུག་གི་མེད་པ། བོད་ནང་གི་འགྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིར་འགྱུར་བཅོས་བཏང་བའི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་དེ་ཕྱི་ལོ་༢༠༢༣ལོའི་ཟླ་༦པའི་ཚེས་༢ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ཞིབ་བཤེར་གནང་སྟེ་ཆོག་མཆན་བཀོད་ཡོད་པ་དང་། དེ་སྔའི་སྲོལ་ཡིག་རྙིང་བའི་དོན་ཚན་བརྒྱད་པའི་ནང་རང་སྐྱོང་ཁུལ་རང་སྐྱོང་ལས་ཁུངས་ཀྱི་ཆབ་སྲིད་དང༌། སློབ་གསོ་བཅས་ཀྱི་ཁྱབ་ཁོངས་ནང་བོད་ཡིག་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་ཞེས་པའི་ཚབ་ཏུ། སློབ་གསོ་ལས་ཁུངས་ལ་མཛུབ་སྟོན་གནང་སྟེ། རྒྱ་ཡིག་སློབ་གསོ་སྐུལ་སྤེལ་གཏོང་བའི་དུས་མཚུངས་སུ། དགོས་མཁོ་ལྟར་བོད་སྐད་ཡིག་གི་བེད་སྤྱོད་དགོས་ཞེས་པར་བསྒྱུར་ཡོད་པ་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་བོད་སྐད་ཡིག་གི་སྲོལ་ཡིག་གསར་བ་ཞེས་པ་དེས་སློབ་གྲྭ་དང་སློབ་གསོ་སྡེ་ཁག་ཏུ་བོད་སྐད་ཡིག་མེད་པ་གཏོང་ཐབས་ཀྱི་ཤུགས་རྐྱེན་ཡོང་རྒྱུ་ཡིན་སྐོར་བརྗོད་སོང་།
དེ་སྔ་ཕྱི་ལོ་༢༠༠༩དང་༢༠༡༠ལོར་སོགས་སུ་རྨ་ལྷོ་ཁུལ་རེབ་གོང་གཙོས་ས་གནས་མང་དག་ཅིག་ཏུ་སློབ་གསོ་བཅོས་སྒྱུར་དང་མཐོར་འདེགས་ཀྱི་ཆེད་དུ་ཡིན་ཞེས་སློབ་གྲྭ་ཁག་ནང་བོད་ཡིག་གི་སློབ་དེབ་མེད་པ་བཟོ་རྒྱུའི་འཆར་གཞི་བསྒྲགས་པ་དང་འབྲེལ། སློབ་ཕྲུག་སྟོང་ཕྲག་གཉིས་ཙམ་ཡར་ལངས་ངོ་རྒོལ་བྱས་ཡོད་པ་རེད་ལ། ཐེངས་འདིར་བོད་སྐད་ཡིག་སྲོལ་ཡིག་འགྱུར་བཅོས་བཏང་བའི་ནང་དེ་སྔ་བོད་རིགས་སློབ་གྲྭ་ཁག་ཏུ་བོད་རྒྱ་སྐད་གཉིས་སློབ་ཁྲིད་དང་། མི་རིགས་མང་བའི་སློབ་གྲྭ་ཁག་ཏུ་བོད་རིགས་སློབ་མ་མང་པོ་ཡོད་ཚེ་བོད་ཡིག་སློབ་ཚན་བཀོད་བསྒྲིགས་དགོས་སྐོར་བརྗོད་པའི་དོན་ཚན་མེད་པ་བཟོས་ཏེ་ཚབ་ཏུ། བོད་སྐད་ཡིག་གིས་དཔྱད་རྩོམ་དང་རྩོམ་རིག་སྒྱུ་རྩལ་གསར་རྩོམ་སོགས་ལ་རྒྱབ་སྐྱོར་དགོས་པར་བསྒྱུར་འདུག་ལ། ཨ་རིར་བརྟན་གཞི་བྱས་པའི་ཁྲིམས་གླེང་དྲ་རྒྱའི་སྐད་འཕྲིན་སྤྱི་ཚོགས་དྲ་ལམ་སྟེང་། རྨ་ལྷོ་ཁུལ་གྱི་བོད་སྐད་ཡིག་གི་སྲོལ་ཡིག་ལ་འགྱུར་བཅོས་བཏང་བ་དེས་སྐད་གཉིས་སློབ་གསོ་རྩ་ནས་མེད་པ་བཟོས་ཡོད་པ་བརྗོད་འདུག
ཕྱི་ལོ་༢༠༢༡ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་རྒྱ་སྒྱུར་སློབ་གསོའམ་རྒྱ་ཡིག་གཙོ་འདོན་གྱི་སློབ་ཚན་ཁྲིད་ཐབས་དངོས་སུ་ལག་བསྟར་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཁག་ཏུ་རང་གི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་གྱི་ཁེ་དབང་ཡོད་པར་བཤད་ཡོད་པ་རེད་ལ། དེ་སྔའི་སྲོལ་ཡིག་ནང་རྨ་ལྷོ་ཁུལ་གྱིས་སྲིད་གཞུང་གི་ལས་དོན་ནང་བོད་རྒྱ་སྐད་ཡིག་གཉིས་འདྲ་མཉམ་ངང་བེད་སྤྱོད་གཏོང་དགོས་ཞེས་བཀོད་པའི་ཚབ་ཏུ། བོད་སྐད་ཡིག་ཁྲིམས་ལྟར་དོ་དམ་དང་སྲུང་སྐྱོབ་དགོས་པར་བསྒྱུར་ཡོད་པ་དང་། དེ་བཞིན་སྲོལ་ཡིག་རྙིང་བའི་དོན་ཚན་ལྔ་བའི་ནང་རྒྱ་རིགས་དང་གྲངས་ཉུང་མི་རིགས་གཞན་པའི་ལས་བཟོ་པ་རྣམས་ལ་བོད་རིགས་ས་ཁུལ་དུ་བོད་ཡིག་སློབ་པར་སྐུལ་འདེད་བྱེད་རྒྱུ་ཞེས་པའི་ཚབ་ཏུ། བོད་སྐད་ཡིག་དར་སྤེལ་དང་བཀོལ་སྤྱོད་ཐད་གྲུབ་འབྲས་ཡག་པོ་ཡོད་མཁན་ཚོར་བཟང་བསྟོད་བྱ་རྒྱུ་ཡིན་པར་བསྒྱུར་ཡོད་འདུག
ཐེངས་འདིར་སྲོལ་ཡིག་གསར་བ་ཞེས་པ་ཕྱི་ཟླ་༩ཚེས་༡ནས་བཟུང་ལག་བསྟར་དང་དེ་སྔའི་སྲོལ་ཡིག་རྙིང་པ་ནུས་མེད་བཟོ་རྒྱུ་ཡིན་པ་སོགས་བསྒྲགས་འདུག་ལ། དེ་སྔའི་སྲོལ་ཡིག་སྙིང་བའི་ནང་དུ་དོན་ཚན་༣༠ཡོད་པ་ལས། ཐེངས་འདིར་བོད་སྐད་ཡིག་གཙོ་བོར་འཛིན་དགོས་པའི་བརྗོད་པ་མང་དག་ཅིག་མེད་པ་བཟོས་ཏེ། ཚབ་ཏུ་ཁོར་ཡུག་དང་གྲོང་གསེབ་དར་སྤེལ་སོགས་བཀོད་དེ་དོན་ཚན་༢༦བཟོས་ཡོད་པ་དང་། སྲོལ་ཡིག་དེ་རྨ་ལྷོ་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་གི་བོད་སྐད་ཡིག་གི་སློབ་སྦྱོང་བཀོལ་སྤྱོད་དང་། ཞིབ་འཇུག་སྲུང་སྐྱོབ། དེའི་དོ་དམ་གྱི་བྱེད་སྒོ་ལ་བཀོལ་སྤྱོད་ཆོག་པའི་ཆོག་མཆན་ཡོད་པ་བསྒྲགས་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།