ཨ་རིའི་ཕྱི་སྲིད་ལྷན་ཁང་ནང་བོད་ཀྱི་ལོ་གསར་སྲུང་བརྩི་གནང་འདུག


2017.03.03
ཨ་རིའི་ཕྱི་སྲིད་ལྷན་ཁང་ནང་བོད་ཀྱི་ལོ་གསར་སྲུང་བརྩི་གནང་སྐབས། ༢༠༡༧།༣།༢ ཨ་རིའི་ཕྱི་སྲིད་ལྷན་ཁང་ནང་བོད་ཀྱི་ལོ་གསར་སྲུང་བརྩི་གནང་སྐབས། ༢༠༡༧།༣།༢
པ་སངས་དོན་ལྡན།/RFA

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་ཀྱི་ཆོས་དང་རིག་གཞུང་གཏིང་ཟབ་ལ་ངོས་འཛིན་དང་སྦྲགས་བོད་ཀྱི་མེ་བྱ་གནམ་ལོ་གསར་བཞད་སྲུང་བརྩི་གནང་འདུག
དེ་ཡང་ཨ་མི་རི་ཀའི་འཛིན་སྐྱོང་སྲིད་གཞུང་གི་ཕྱི་སྲིད་ལྷན་ཁང་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ད་ལྟའི་ཆར་བསྐོ་གཞག་བྱུང་མེད་ཀྱང་། ཕྱི་ཟླ་༣་པའི་ཚེས་༢་ཉིན། ཕྱི་སྲིད་ལྷན་ཁང་ནང་གི་སོག་པོ་དང་རྒྱ་ནག་ལས་དོན་དྲུང་གཞོན་ལས་ཚབ་པ་ལྕམ་(Laura Stone)གིས་གཙོ་སྐྱོང་འོག་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་གནང་བའི་སྐབས། ཐོག་མར་ལྕམ་Stone་གིས་དེ་གར་འདུས་པའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་ཨ་རི་བའི་སྐུ་ཚབ་ཚོ་དང་། ཕྱི་སྲིད་ལྷན་ཁང་གི་ལས་བྱེད། དེ་བཞིན་བོད་དོན་དང་འབྲེལ་བའི་སྐུ་མགྲོན་རྣམ་པ་ཚོར་ལོ་གསར་གྱི་འཚམས་འདྲི་གནང་ཡོད་ཅིང་། ཁོང་གིས་ཕྱི་སྲིད་ལྷན་ཁང་གི་ངོས་ནས་བོད་པའི་ལོ་གསར་སྲུང་བརྩི་གནང་བའི་ལམ་སྲོལ་དབུ་འཛུགས་གནང་བ་དེ་མུ་མཐུད་རྒྱུན་འཁྱོང་གནང་ཐུབ་པར་དགའ་ཚོར་གནང་བ་དང་ཆབས་ཅིག་བོད་པའི་རིག་གཞུང་ཕྱུག་པོ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་རྩ་ཆེན་དེར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ངོས་འཛིན་ཞུ་ཆེད་སྣེ་ལེན་འདུ་འཛོམས་དེ་གནང་བ་ཡིན་ཞེས་གསུངས་འདུག
ད་ཐེངས་ཨ་རིའི་ཕྱི་སྲིད་ལྷན་ཁང་ནང་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ་ཐེངས་གསུམ་པ་དེ་ཡིན་པ་རེད།
རྒྱ་ནག་ལས་དོན་དྲུང་གཞོན་ལས་ཚབ་པ་ལྕམ་(Laura Stone)དེ་སྔོན་རྒྱ་ནག་ནང་ཕྱག་ལས་གནང་མྱོང་ཡོད་པ་དང་། བོད་པའི་སྤྱི་ཚོགས་དང་གོམས་འདྲིས་ཆེན་པོ་ཡོད་པའི་ཆ་ནས་བོད་མི་རིགས་ཀྱི་བློ་སྟོབས་ཞུམ་པ་མེད་པའི་སྒོ་ནས་བོད་པའི་རིག་གཞུང་སྲུང་སྐྱོབ་གནང་གི་ཡོད་པར་བསྔགས་བརྗོད་གནང་འདུག
དེ་རྗེས་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནམ་མཁའ་བསྟན་འཛིན་ལགས་ཀྱིས། སྐུ་མགྲོན་རྣམ་པ་ཚོར་བོད་པའི་ལོ་གསར་གྱི་འཚམས་འདྲི་གནང་བའི་ཐོག་ནས་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་ནས་བོད་པའི་ལོ་གསར་ད་ལོ་ཐེངས་གསུམ་པ་དེ་སྲུང་བརྩི་ཞུས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག
ཁོང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག ཨ་མི་རི་ཀའི་ནང་གྲངས་འབོར་འཕེལ་རྒྱས་འགྲོ་བཞིན་པའི་བོད་པ་ཨ་རི་བ་ཚོར་རྒྱལ་ཁབ་འདིའི་ནང་གི་བོད་པའི་མི་རིགས་དང་། རིག་གཞུང་ལ་རྒྱབ་སྐྱོར་གནང་མཁན་གྲོགས་པོ་ཡོད་པར་སེམས་གཏིང་ནས་དགའ་བསུ་ཞུས་གནང་སྟེ་བོད་ནང་བོད་པའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྨྲ་བརྗོད་རང་དབང་བཅས་པར་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་ཉེན་ཚབས་ཆེ་བའི་དཀའ་ངལ་གྱི་གནས་སྟངས་ཡོད་བཞིན་པའི་སྐབས་འདིར་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བོད་མིར་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་རེ་བ་ཞུ་བཞིན་ཡོད་ཅེས་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལས་ཁུངས་དེ་གསར་འཛུགས་གནང་བ་དང་། འདས་པའི་ལོ་མང་རིང་ཕྱག་ལས་གནང་བ་དེ་ཚོ་ཨ་རིའི་ནང་ཡོད་པའི་བོད་པ་ཅིག་པུ་མ་ཡིན་པར་བོད་ནང་གི་བོད་མི་ཚོས་རེ་བའི་མིག་བུ་ལྟ་བུར་འགྱུར་ཡོད་པ་དང་། ཨ་རིའི་སྲིད་འཛིན་གསར་པ་Donald Trump་མཆོག་གི་སྲིད་གཞུང་ནས་མུ་མཐུད་བོད་དོན་ཐད་རྒྱབ་སྐྱོར་སྔར་བཞིན་གནང་བའི་རེ་བ་ཡོད་ཅེས་གསུངས་འདུག
ཕྱི་སྲིད་ལྷན་ཁང་གི་འདུ་འཛོམས་ཐོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན། ཕྱི་སྲིད་ལྷན་ཁང་གི་ལས་བྱེད། པ་དེ་བཞིན་ཕྱི་རྒྱལ་མི་སྣ་མང་པོ་ཕེབས་ནས་བོད་པའི་མཆོད་ཆང་དང་། ཞལ་ཟས་བཞེས་མོག་སོགས་མཉེས་པོ་གནང་བ་ཡོད་པ་མ་ཟད། ལོ་གསར་གྱི་གྲོ་སོ་ཕྱེ་མར་དང་སྡེར་ཀ་ མཆོད་གཤོམ་སོགས་ཀྱང་སྒྲིག་བཤོམ་གནང་ཡོད་པ་དང་། ད་དུང་ས་གནས་བོད་མིས་བོད་གཞས་ཞབས་བྲོ་སོགས་གཟིགས་འབུལ་ཞུས་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎