བོད་ཀྱི་ལོ་གསར་སྐབས་སྡེར་ཁ་སྒྲིག་གཤོམ།

2025.02.19
བོད་ཀྱི་ལོ་གསར་སྐབས་སྡེར་ཁ་སྒྲིག་གཤོམ། གཙུག་ལག་ཁང་དུ་ཁ་བཟས་བཟོ་བཞིན་པའི་སྐབས། ༢༠༢༥།༠༢།༡༧ ཉིན།
RFA/ Tenzin Woser

བོད་ཀྱི་ལོ་གསར་སླེབས་ལ་ཉེ་བ་དང་བསྟུན་བོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ཁྲོད། ལོ་གསར་སྐབས་གྲོ་སོ་ཕྱེ་མར་དང་སྡེར་ཁ་ཁ་ཟས་སོགས་ཟས་རིགས་སྣ་མང་སྒྲིག་གཤོམ་གྱིས་དཀོན་མཆོག་ལ་མཆོད་པ་འབུལ་སྲོལ་ཡོད་པ་དེས། ལོ་ཧྲིལ་པོར་ཟས་བཅུད་ཕུན་སུམ་ཚོགས་པའི་རྟེན་འབྲེལ་མཚོན་གྱི་ཡོད་པ་རེད་ལ། བོད་མི་རྣམས་ནས་སྡེར་ཁ་ནི་བོད་ཀྱི་ལོ་གསར་ཙམ་དུ་མ་ཡིན་པར་མཛད་སྒོ་དང་དུས་ཆེན་ཆེ་ཁག་ཏུའང་རྟེན་འབྲེལ་མཚོན་ཆེད་སྒྲིག་གཤོམ་གནང་གི་ཡོད་པ་རེད། ལོ་གསར་སླེབས་ལ་ཉེ་སྐབས་བོད་མི་ཚོས་ཁྱིམ་ཚང་སོ་སོའི་ནང་ལོ་གསར་གྱི་སྡེར་ཁའི་ཁ་ཟས་རིགས་བསྲེགས་མགོ་ཚུགས་ཀྱིས་ཡོད་ཅིང་། དགོན་སྡེ་ཁག་དང་ཚོགས་སྡེ་ཆེ་ཁག་ཏུའང་ཁ་ཟས་སོགས་ཕོན་ཆེ་བསྲེགས་ཀྱི་ཡོད་པ་རེད།

འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་བོད་ཀྱི་ལོ་གསར་སྐབས་ཀྱི་སྡེར་ཁ་ཁ་ཟས་ཀྱི་བྱུང་རིམ་དང་མཚོན་དོན་སོགས་ཀྱི་སྐོར་རྒྱུས་མངའ་ཡོད་མཁན་རྡ་རམ་ས་ལར་བཅའ་བཞུགས་ཁག་ཅིག་ལ་བཀའ་འདྲི་ཞུས་པར། དེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་བྱའི་རྩོམ་སྒྲིག་པ་ཟུར་པ་སྐལ་བཟང་མཁས་སྒྲུབ་ལགས་ཀྱིས། བོད་པའི་ཐུན་མོང་མ་ཡིན་པའི་སྡེར་ཁ་ནི་ནང་པ་སངས་རྒྱས་པའི་ཆོས་དར་ཁྱབ་རྗེས་ཞི་བདེ་མཉམ་གནས་ཀྱི་མཚོན་དོན་དང་དཀོན་མཆོག་ལ་མཆོད་པ་འབུལ་བ་ཞིག་ཡིན་པ་ལས། ཉེ་ལམ་ལ་ལས་སྡེར་ཁའི་ཆ་ཤས་བོང་བུའི་ཨམ་ཆོག་དང་ཉ་ཤག བཀྲ་ཤིས་སྨུག་ཐུང་ལ་སོགས་པ་ནི། གདོད་མའི་དུས་སྐབས་སུ་ལུག་གི་གློ་སྙིང་ནང་ཆས་སོགས་དམར་མཆོད་འབུལ་བ་མཚོན་གྱི་ཡོད་ཅེས་ལོག་འགྲེལ་བྱེད་བཞིན་པ་ནི་མ་དག་པ་ཡིན་ཞེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།འོན་ཀྱང་ལོ་གསར་བསླེབས་ལ་ཉེ་བ་དང་བསྟུན་བཞུགས་སྒར་དུ་མ་སུ་རི་བོད་ཁྱིམ་གྱི་སློབ་ཟུར་ཁག་གཅིག་ནས་སྡེར་ཁ་བཟོ་ཚོང་གནང་བཞིན་ཡོད་པའི་ཁོངས། སྐལ་བཟང་འཕྲིན་ལས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན་ལྟར་ན། སྔ་མོ་བོད་ནང་གི་བོད་མི་ཚོའི་འཚོ་རྟེན་གཙོ་བོ་ཞིང་འབྲོག་གཉིས་ཡིན་པར་བརྟེན། ལོ་གསར་སྐབས་བོད་མི་རྣམས་ནས་སོ་སོའི་ཁྱིམ་ཚང་གི་ཐོན་ཁུངས་ཀྱི་ཕུད་ཡར་དཀོན་མཆོག་ལ་མཆོད་པ་འབུལ་སྲོལ་ཡོད་པ་བཞིན། ཞིང་པ་རྣམས་ནས་བྲོ་སོ་ཕྱེ་མར་ལ་སོགས་པའི་མཆོད་པ་སྣ་ལྔ་དང་། འབྲོག་པ་རྣམས་ནས་སོ་སོའི་འཚོ་རྟེན་ལས་བྱུང་བའི་ཐོན་ཁུངས་ལུག་གི་ཆ་ཤས་ཡོངས་རྫོགས་ཤིག་སྡེར་ཁའི་ངོ་བོར་འབུལ་སྲོལ་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག

རྩ་བའི་སྡེར་ཁའི་ཁ་ཟས་ལ་བཟོ་དབྱིབས་མི་འདྲ་བ་འགའ་ཡོད་པ་ནི། ཁོར་ཁོག་འམ་བོང་བུའི་ཨམ་ཆོག་དང་ཉ་ཤག སྨུག་ཐུང་། ཀོང་ཆས། སྦོ་ལུག པིན་པིན་ཏོག་ཏོག་བཅས་དྲུག་ཡོད་པ་དང། ཁ་ཟས་བཟོ་རྒྱུའི་རྒྱུ་ཆ་གཙོ་བོ་གྲོ་ཞིབ་ནི་ཁ་བྲོ་བའམ་བྱ་བ་བསམ་དོན་གྲུབ་པར་ངོས་འཛིན་བྱ་སྲོལ་ཡོད་འདུག

མི་འབོར་ཕོན་ཆེ་གནས་ཡུལ་དགོན་སྡེ་ཁག་དང་ཚོགས་པ་སྐྱེད་སྡུག་ཆེ་ཁག་ཏུ་ལོ་གསར་སྔ་རོལ་དུ་སྡེར་ཁའི་ཁ་བཟས་འབོར་ཆེན་བཟོ་ཡི་ཡོད་པ་བཞིན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཁ་ཟས་བསྲེགས་བཞིན་པའི་སྐབས། ཁ་ཟས་བཟོ་མཁན་བཀྲ་ཤིས་དབང་རྒྱལ་ལགས་ཀྱིས། གཙུག་ལག་ཁང་དུ་ཁ་ཟས་བཟོ་མི་དཀོན་པའི་དབང་གིས་བཀྲ་ཤིས་སྨུག་ཐུང་ ༡༥༠༠ ལྷག་དང་གཞན་གཅིག་བཅས་ཁ་ཟས་རིགས་མི་འདྲ་བ་གཉིས་ལས་སྲེག་སྲོལ་མེད་ཅིང་། སྤྱིར་བཏང་ལོ་རེར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལོ་གསར་དང། འབུམ་ཚོགས། དམག་མི་འབུམ་ཚོགས་བཅས་སུ་ཉ་ཤག་སྲེག་སྲོལ་ཡོད་པ་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་ལོ་ལྟར་ལོ་གསར་སླེབས་ལ་ཉེ་བ་དང་བསྟུན་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་རྒྱུད་སྟོད་གྲྭ་ཚང་དུ་དྲག་པོའི་སྲེག་སྦྱོར་ལྕགས་མཁར་ཆེན་མོའི་གཏོར་རྒྱག་གནང་གི་ཡོད་པ་བཞིན། ཟླ་ ༢ ཚེས་ ༡༦ ཉིན་རྒྱུད་སྟོད་གྲྭ་ཚང་དུ་བོད་བསྟན་པ་ཆབ་སྲིད་སྤྱི་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟན་སྲིད་སྤྱི་ལ་འཚེ་བའི་གཟུགས་ཅན་གྱི་དགྲ་དང་གཟུགས་མེད་ཀྱི་བགེགས་སོགས་ཀྱི་བསམ་སྦྱོར་ངན་པའི་རིགས་མཐའ་དག་ཤུལ་མེད་དུ་བཟློག་ཅིང་། དུས་ངན་ས་ཡོམ་གྱི་གོད་ཆག་དང་ནད་རིམས་མྱུར་དུ་ཞི་བ་སོགས་ཀྱི་ཆེད་དུ། ཞབས་རིམ་རྒྱུད་རྟོགས་བདུན་གྱི་དགོངས་དོན་བཞིན་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྒོ་ནས་དྲག་པོའི་སྲེག་སྦྱོར་ལྕགས་མཁར་ཆེན་མོའི་གཏོར་རྒྱག་གནང་ཡོད་པ་དང་། དེའི་ཐོག་བོད་མི་ཕོན་ཆེ་ནས་ལྷན་བཞུགས་གནང་ཡོད་པ་རེད།

གཞི་རྩའི་འདི་ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ཡིག་ཚང་ནས། བཀའ་ཤག་ལྷན་ཚོགས་ཐེངས་ ༡༧༥ ཐོག་བཀའ་བསྡུར་གནང་དོན་དུ། འདི་ལོའི་ཕྱི་ཟླ་དང་པོའི་ཟླ་འགོར་དིང་རི་གཙོ་བོར་གྱུར་བའི་བོད་ཀྱི་ས་ཁུལ་ཁག་ཏུ་ས་ཡོམ་རྐྱེན་པས་མི་རྒྱུ་གཉིས་ལ་གོད་ཆག་ཚབས་ཆེ་བྱུང་ཡོད་པར། གདུང་སེམས་མཉམ་བསྐྱེད་མཚོན་ཆེད་བོད་མི་རྣམས་ཀྱིས་འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་སྐབས་མི་ཚོགས་འདུ་འཛོམས་གནང་སྟེ་གཞས་སྣ་འཁྲབ་སྟོན་སོགས་དགའ་སྤྲོའི་རྣམ་པ་ཤུགས་ཆེ་མི་གནང་རྒྱུའི་འབོད་སྐུལ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་རེད།

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎