ཁམས་ལི་ཐང་ཁུལ་དུ་བོད་མི་ཚེ་ཆོས་ཞུ་བ་འཛིན་བཟུང༌།
2013.02.16
༄༅༎དེ་ཡང་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་དྲུང་ཆེ་སེར་སྨད་བློ་དགའ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་ལྟར་ན། འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡༤ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༠ ཙམ་ལ། ལི་ཐང་གཡོན་རུ་ཧོར་རྙིང་སྡེ་བའི་ཚེ་ཆོས་ལགས་ལི་ཐང་ཧོར་རྙིང་འབྲོག་སྡེའི་བློ་ཟླ་ཚང་ཞེས་པའི་འབྲོག་ཁྱིམ་ཞིག་ནས་རྒྱ་ནག་གི་དམག་མིས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག ས་གནས་མི་མང་ཚོས་ཚེ་ཆོས་ལགས་འཛིན་བཟུང་བྱས་དོན་ནི། སྔ་ལོའི་ཕྱི་ཟླ་ ༡༢ པའི་ནང་ཧོར་རྙིང་སྡེ་བའི་མི་མང་སྤྱི་ཁང་སྟེང་གུང་ཁྲན་གྱི་དར་དམར་འཛུགས་དགོས་པའི་བཙན་བཀའ་བཏང་སྐབས། ཁོང་མདུན་དུ་ཐོན་ཏེ་དེར་མོས་མཐུན་རྩ་བ་ནས་མེད་པའི་ངོ་རྒོལ་ཤུགས་ཆེན་བྱས་ཡོད་སྟབས། དེ་ཆབ་སྲིད་ཀྱི་ཉེས་པར་རྩིས་ཏེ་ད་ཐེངས་ཁོང་འཛིན་བཟུང་བྱས་པ་ཡིན་ཚུལ་འགྲེལ་བརྗོད་བྱས་འདུག
ཚེ་ཆོས་ལགས་ནི་རྒྱ་གར་ནང་བཙན་བྱོལ་དུ་ཡོང་མྱོང་བ་དང་ཕྱི་ལོ་༢༠༠༠ ལོར་ཕྱིར་རང་ཡུལ་དུ་ལོག་ཡོད་པ་རེད།། གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༡༣ ནས་ལི་ཐང་ཐིལ་དུ་རྒྱ་དམག་ཕོན་ཆེའི་འགྲེམ་འཇོག་བྱས་ཏེ་ས་གནས་མི་མང་འདུག་བཟོ་མི་བདེ་བ་བཟོས་ཐོག ལོ་སར་གྱི་སྔོན་དེར་རྫོང་སྲིད་གཞུང་གི་མི་སྣས་ལོ་གསར་གྲ་རྒྱས་པོ་གཏོང་དགོས་ཚུལ་དང་། ལོ་སར་སྐབས་དམག་མི་ཕོན་ཆེན་འབྱོར་ཏེ་རུ་སྒྲིག་དཔུང་ངོམ་བྱས་ཏེ་མི་མང་ལ་འཇིགས་སྐུལ་དང་་སུན་གཙེར་བཟོས་ཡོད་འདུག དེ་སྔོན་ལི་ཐང་ས་ཁུལ་དུ་སྐད་འཕྲིན་(wechat)ཡི་བརྒྱུད་ལམ་ནས་འབྲེལ་བ་བྱེད་ཐུབ་ཀྱང་། ལོ་གསར་སྔ་རྗེས་ནས་བཟུང་སྐད་འཕྲིན་གྱི་འབྲེལ་ལམ་ཡང་བཀག་ཡོད་འདུག།