གྲྭ་འཇམ་དབྱངས་དཔལ་ལྡན་ལགས་འདས་གྲོངས་གྱུར་ཡོད་པ།
2012.09.29
༄༅༎ད་ལོའི་ཕྱི་ཟླ་༣པའི་ཚེས་༡༤ཉིན་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་མཁན་རེབ་གོང་རོང་བོ་དགོན་པའི་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་རང་ཤག་ཏུ་སྨན་བཅོས་བྱེད་བཞིན་ཡོད་ནའང་། ཟླ་འདིའི་ཚེས་༢༩ ཉིན་གྱི་ཕྱི་དྲོ་རང་ཤག་ནང་སྐུ་གྲོངས་ཡོད་འདུག
དེ་འཕྲལ་རོང་བོ་དགོན་ཆེན་གྱིས་གྲྭ་མང་ཡོངས་ནས་སྨོན་ལམ་གསུང་བཞིན་ཡོད་པ་དང་། ཁོང་གིས་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་རྗེས། རང་ཤག་ནས་སྨན་བཅོས་བྱས་པ་དང་ས་གནས་རྒྱ་གཞུང་གིས་ཐེངས་གང་མང་ཁྲིད་རྩིས་བྱས་ཏེ། རྒྱ་གཞུང་གིས་ཤར་སྐལ་ལྡན་རྒྱ་མཚོ་ལ་ཡང་ནས་ཡང་དུ་སྨན་ཁང་ལ་ཁྲིད་དགོས་པ་དང་རྒྱལ་ཁབ་ལ་རྩིས་སྤྲོད་དགོས་སྐོར་བརྗོད་པ་དང་། འདི་ལྟར་ཉར་བ་ནི་ཆོས་དང་རྒྱལ་ཁབ་གྱི་སྲིད་ཇུས་དང་ཡོངས་སུ་འགལ་ཡིན་་ཚུལ་བཤད་ཡོད་པ་རེད། ཤར་སྐལ་ལྡན་རྒྱ་མཚོ་མཆོག་གིས་རེབ་གོང་དུ་བདེ་འཇགས་དགོས་ན་ཁོང་ཁྲིད་མི་ཆོག་མ་ཟད། ད་དུང་བོད་མི་གཞན་གཅིག་ཀྱང་འཛིན་བཟུང་བྱ་མི་ཆོག་སྐོར་གསུངས་ཡོད་འདུག ད་དུང་ཁོང་ཉིན་མཚན་་དུས་དྲུག་ཏུ་རོང་བོ་དགོན་པའི་དགེ་འདུན་པས་གཙོས་ནང་མི་དང་ཉེ་འབྲེལ་སྡེ་བ་གཅིག་པ་བཅས་ནས་ཉེན་སྲུང་བྱས་ནས་དེ་རིང་བར་དུ་གནས་ཐུབ་ཡོད་པ་རེད།
ད་བར་བོད་ནང་བོད་མི་༥༡་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེ་སྲེག་བཏང་ཡོད་པ་དང་། དེའི་ནང་བཞི་བཅུ་ཞེ་གྲངས་ཤིག་འདས་གྲོངས་སུ་སོང་ཡོད་པ་རེད།།