མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་བྲག་དཀར་རྫོང་གི་དགེ་འདུན་པ་ལོ་གཞོན་ཞིག་དགོན་པར་ཞུགས་མ་བཅུག་པའི་རྐྱེན་གྱིས་རང་སྲོག་བཅད་འདུག

2024.05.28
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་བྲག་དཀར་རྫོང་གི་དགེ་འདུན་པ་ལོ་གཞོན་ཞིག་དགོན་པར་ཞུགས་མ་བཅུག་པའི་རྐྱེན་གྱིས་རང་སྲོག་བཅད་འདུག བྲག་དཀར་རྫོང་ཁོངས་ཀྱི་གཡུ་ལུང་དགོན། ༢༠༢༣
མཐུན་འགྱུར་པར་རིས། བསོད་ནམས་རིག་འཛིན།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་བྲག་དཀར་རྫོང་གི་དགེ་འདུན་པ་ཀུན་བཟང་ཀློང་ཡངས་ཞུ་བ་ཞིག་ས་གནས་རྒྱ་ནག་གཞུང་གིས་ཆ་རྐྱེན་བཏོན་པ་ལྟར་དགོན་པར་ཞུགས་རྒྱུར་རང་ལོ་ ༡༨ ཟིན་མེད་སྟབས་དགོན་པར་སྡོད་མི་ཆོག་པའི་བཙན་བཀའ་བཏང་བར་བརྟེན།  དགོན་པ་ནས་ཕྱིར་འབུད་བྱས་པའི་དོན་རྐྱེན་དང་འབྲེལ་ཏེ་ཁོང་གིས་རང་སྲོག་བཅད་ཡོད་པ་པ་རང་ཉིད་ཀྱི་བདེ་འཇགས་ཆེད་མིང་འབོད་མ་བྱས་པའི་བོད་ནང་གི་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།

རང་ལོ་ ༡༧ ཙམ་ལ་སོན་པའི་ཀུན་བཟང་ཀློང་ཡངས་ལགས་ཀྱིས་རང་སྲོག་བཅད་པའི་གནས་ཚུལ་དེ་ནི་ཕྱི་ཟླ་༤ཟླ་དཀྱིལ་ཙམ་ལ་བྱུང་ཡོད་པ་དང་། ཁོང་བྲག་དཀར་རྫོང་གི་སྔ་འགྱུར་རྙིང་མའི་གཡུ་ལུང་དགོན་ནས་ཡིན་འདུག 

རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཡོངས་རྫོགས་ནང་ཕོ་མོ་དབྱེར་མེད་རང་ལོ་ ༡༨ མ་ཟིན་བར་དགོན་པར་ཆོས་ཞུགས་བྱེད་བཅུག་གི་མེད་ལ། ལོ་ཚད་དེ་མ་ཟིན་བར་ས་གནས་སོ་སོའི་སློབ་གྲྭའི་ནང་སློབ་ཞུགས་བྱེད་དགོས་ཀྱི་ཡོད་པ་རེད། 

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས།  རང་སྲོག་བཅད་མཁན་གྱི་དགེ་འདུན་པ་དེ་ལོ་གསུམ་ཙམ་གྱི་སྔོན་དགོན་པ་ནས་ཕྱིར་འབུད་ཟིན་ཏེ་ས་གནས་བྲག་དཀར་རྫོང་གི་སློབ་གྲྭའི་ནང་བཙན་ཤེད་ཀྱི་ཐོག་ནས་སློབ་འཇུག་བྱས་ཡོད་འདུག   འོན་ཀྱང་ཀུན་བཟང་ཀློང་ཡངས་ལགས་ཀྱིས་སློབ་གྲྭའི་ནང་ལའང་མུ་འཐུད་གྲྭ་ཆས་གྱོན་ཡོད་སྟབས། ས་གནས་ཀྱི་དབང་འཛིན་པ་ཚོས་སློབ་གྲྭའི་ནང་གྲྭ་ཆས་གྱོན་མི་ཆོག་ཟེར་བརྗོད་ཡོད་ཀྱང་། ཀུན་བཟང་ཀློང་ཡངས་ལགས་ཀྱིས་གྲྭ་ཆས་ནམ་ཡང་ཕུད་རྒྱུ་མིན་པ་དང་། གྲྭ་ཆས་ཕུད་པའི་ཉིན་མོ་དེ་ནི་ང་འཆི་བའི་ཉིན་མོ་དེ་ཡིན་ཞེས་བརྗོད་ཡོད་པ་ངོ་སྤྲོད་གནང་བྱུང་།  

གནས་ཚུལ་མཁོ་སྤྲོད་པ་ཚོས་བརྗོད་དོན་ལྟར་ན། འདས་པའི་དུས་ཡུན་གང་ཙམ་གྱི་གོང་ས་གནས་དབང་འཛིན་པ་ཚོས་ཀུན་བཟང་ཀློང་ཡངས་ལ་སློབ་གྲྭའི་ནང་གྲྭ་ཆས་གྱོན་བཅུག་ཡོད་ནའང་།  དེ་ནི་ཡིག་རྒྱུགས་སྐབས་དང་གཞུང་གི་ལས་བྱེད་པ་སློབ་གྲྭར་བསྐོར་གཡེང་ལྟ་སྲུང་སོགས་སུ་སླེབས་པའི་སྐབས་ཡིན་པ་ལས་རྒྱུན་ལྡན་གྱི་སློབ་གྲྭའི་བྱེད་སྒོའི་སྐབས་གྲྭ་ཆས་གྱོན་མི་དགོས་པ་བཟོས་ཡོད་འདུག   འདི་ལོའི་དཔྱིད་དུས་ནས་འགོ་བཙུགས་ཏེ་ས་གནས་དབང་འཛིན་པ་ཚོས་ཀུན་བཟང་ཀློང་ཡངས་ལྟ་བུ་སློབ་གྲྭར་འགྲོ་མཁན་གྱི་གྲྭ་ཆུང་སུ་ཞིག་གིས་ཀྱང་སློབ་གྲྭར་གྲྭ་ཆས་གྱོན་མི་ཆོག་པ་བཟོས་པ་དེས་ཀུན་བཟང་ཀློང་ཡངས་ལ་སེམས་སྡུག་ཆེན་པོ་བཟོས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་བྱས་པར་གཞིགས་ན། ལོ་གསུམ་གྱི་གོང་ཀུན་བཟང་ཀློང་ཡངས་དགོན་པ་ནས་ཕྱིར་འབུད་བཏང་པ་ནས་བཟུང་སེམས་ཁམས་མི་བདེ་བའི་གནས་སྟངས་སྡུག་པོ་བྱུང་ཐོག་ཉིན་མང་པོར་ཁ་ལག་མི་བཟའ་བའི་རྐྱེན་གྱིས་སློབ་གྲྭའི་ནང་གཟུགས་ཁམས་མི་བདེ་བའི་གནས་སྟངས་ཐེངས་ཁ་ཤས་བྱུང་འདུག་ཅིང་། འདི་ལྟར་ནམ་བྱུང་སྐབས་སློབ་གྲྭའི་འགན་འཛིན་ཚོས་ཀུན་བཟང་ཀློང་ཡངས་ཀྱི་ཕ་མ་ཆེད་འབོད་ཀྱིས་རང་ཁྱིམ་དུ་ཕྱིར་སློག་བྱས་ཡོད་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༤ ནང་ས་གནས་གཞུང་གི་དབང་འཛིན་པ་ཚོས་སློབ་གྲྭའི་ནང་གྲྭ་ཆས་རྩ་བ་ནས་གྱོན་མི་ཆོག་པ་དང་སློབ་གྲྭའི་ནང་སྐྱ་ཆས་གྱོན་ནས་ཡོང་དགོས་པའི་ཐག་གཅོད་བྱས་རྗེས་སླར་ཡང་ཀུན་བཟང་ཀློང་ཡངས་ཀྱི་སེམས་སྡུག་གི་དཀའ་ངལ་གནས་སྟངས་ཇེ་སྡུག་ཏུ་སོང་སྟེ་གཟུགས་ཁམས་མི་བདེ་བར་གྱུར་ཞིང་།  རང་ཁྱིམ་དུ་ཕྱིར་སློག་བྱས་རྗེས་རང་སྲོག་བཅད་པའི་གནས་ཚུལ་དེ་བྱུང་ཡོད་པ་གནས་ཚུལ་མཁོ་སྤྲོད་པས་བརྗོད་བྱུང་། 

ཀུན་བཟང་ཀློང་ཡངས་ཀྱིས་རང་སྲོག་བཅད་པའི་རྒྱུ་རྐྱེན་ནི་རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་དང་། དེ་བཞིན་ཆོས་ལུགས་དང་རིག་གཞུང་བཅས་པ་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ཀྱི་འོག   བོད་ས་ཡོངས་ཀྱི་དགོན་པ་སོ་སོ་ནས་གྲྭ་པ་ཆུང་ཆུང་ཚང་མ་སྐྱ་སར་ཕབ་ནས་བཙན་གྱིས་སློབ་གྲྭར་སྐྱེལ་གྱི་ཡོད་པ་མ་ཟད། སློབ་གྲྭའི་དབྱར་དགུན་གྱི་གུང་སེང་སྐབས་སུ་ཡང་ཕྱིར་དགོན་པའི་ནང་ཡོང་མི་ཆོག་པར་དམ་དྲག་བྱེད་བཞིན་ཡོད་ཐོག    ལོ་ན་ ༡༨ མ་ལོན་པའི་གྲྭ་ཆུང་དགོན་པ་ནས་བཙན་གྱིས་སློབ་གྲྭའི་ནང་སྐྱེལ་ཟིན་པ་དེ་དག་དགོན་པར་ཕྱིར་ལོག་བྱེད་ཀྱི་ཡོད་མེད་བལྟ་རྟོགས་བྱེད་མཁན་ཆེད་མངགས་མི་འགྲོ་གཏོང་བཞིན་འདུག་པ་མ་ཟད། གྲྭ་ཕྲུག་རྣམས་ཕྱིར་ཡོང་བཅུག་ན་དགོན་པར་གནད་དོན་འབྱུང་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་པ་སོགས་ཀྱི་གནས་སྟངས་ལ་ཐུག་ཡོད་པ་གནས་ཚུལ་འགྲེལ་བརྗོད་པ་བོད་མི་དེས་ངོས་འཛིན་བྱེད་ཀྱི་འདུག 

གནས་ཚུལ་མཁོ་སྤྲོད་པ་དེ་དག་གིས། སློབ་གྲྭ་ནས་ཀུན་བཟང་ཀློང་ཡངས་བདེ་མིན་གྱི་གནས་ཚུལ་ནམ་བྱུང་སྐབས་ཁྱིམ་དུ་ཕྱིར་ལོག་སྐབས། ཁོང་གི་ནང་མི་ཚོས་ཀུན་བཟང་ཀློང་ཡངས་ཀྱི་གྲྭ་ཆས་གྱོན་རྒྱུའི་འདོད་འདུན་བསྐོང་ཆེད་དང་སེམས་སྡུག་ཞི་ཆེད་ས་གནས་ཀྱི་ཁྲོམ་ནས་གྲྭ་ཆས་ཉོས་པ་སོགས་ཀྱང་བྱས་ཡོད་འདུག 

ཀུན་བཟང་ཀློང་ཡངས་ལགས་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་བྲག་དཀར་རྫོང་ཧོལ་ཁ་གྲོང་བརྡལ་ལྔ་གཅིག་སྡེ་པ་ནས་ཡིན་འདུག 

གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་ནང་བྱིས་པ་ལོ་ན་ ༡༨ ལ་མ་སོན་བར་དུ་ཆོས་ཞུགས་སླད་གྲྭ་པ་བྱེད་མི་ཆོག་ཚུལ་བརྗོད་དེ། བོད་ཀྱི་ས་ཁུལ་གང་ས་ནས་གྲྭ་ཕྲུག་མང་པོ་བཙན་གྱིས་དགོན་པ་ནས་ཕྱིར་འབུད་བཏང་སྟེ་སློབ་གྲྭར་སྐྱེལ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༧ ནང་སི་ཁྲོན་ཞིང་ཆེན་ཁོངས་གཏོགས་སེར་ཤུལ་རྫོང་རྫ་ཆུ་ཁའི་དགོན་པ་ཁག་གི་ནང་རང་ལོ་ ༡༨ མ་ལོན་པའི་དགེ་འདུན་པ་ཐམས་ཅད་རྒྱ་ནག་གཞུང་གིས་བཙུགས་པའི་སློབ་གྲྭར་འགྲོ་དགོས་པའི་བཙན་བཀའ་བཏང་ཡོད་པ་དང་རྒྱལ་ཁབ་གྱི་ཁྲིམས་ལྟར་ལོ་ན་མ་སོན་པའི་དགེ་འདུན་པ་དེ་དག་དགོན་པར་སྡོད་མི་ཆོག་པ་བཟོས་རྗེས། རྒྱ་ནག་གི་དབང་འཛིན་པ་ཚོས་ཕྱི་ལོ་ ༢༠༡༨ ལོར་ཛ་ཆུ་ཁ་རྫ་གསེར་ཤུལ་དགོན་ནས་གྲྭ་ཆུང་ ༢༠༠ ཙམ་དགོན་པ་ནས་ཕྱིར་འབུད་ཀྱིས་གཞུང་གཉེར་སློབ་གྲྭ་ཁག་གི་ནང་སློབ་འཇུག་བྱས་པའི་གནས་ཚུལ་བྱུང་ཡོད་ལ། རྫ་ཆུ་ཁ་ཇོ་བོ་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་དགོན་པ་ནས་ལོ་ན་ ༡༥ མན་གྱི་གྲྭ་ཆུང་ ༢༠ ཙམ་ཕྱིར་འབུད་བྱས་ཡོད་པ་རེད།།  

གསར་འགོད་པ། བསོད་ནམས་ལྷ་མོ། རྡོ་རྗེ་དགྲ་འདུལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། སྐལ་ལྡན་བློ་གྲོས།

དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན།  བསྟན་འཛིན་དོན་ཡོད། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎