སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ལྷན་ཞུགས་ཐོག་སྦེལ་ཀོབ་ཏུ་ལོ་གསར་གྱི་རྟེན་འབྲེལ་མཛད་སྒོ་འཚོགས་སོང་།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སྦེལ་ཀོབ་གཞིས་ཆགས་ཀྱི་ལོ་གསར་འདུ་འཛོམས་སུ་ཕེབས་ཞུགས་ཀྱིས་གསུང་བཤད་གནང་སོང་།
ཕྱི་ཟླ་ ༣ ཚེས་ ༡ དང་བོད་ཀྱི་ལོ་གསར་ཚེས་གཉིས་ཉིན་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་གཞིས་ཆགས་ཀྱི་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་གཏན་འཕེལ་ལགས། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་པ། ལྡི་ལི་སྐུ་ཚབ་དོན་གཅོད། དེ་བཞིན་སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁུངས་གཉིས་ཀྱི་ལས་སྣེ་དང་བོད་མི་སེར་སྐྱ་མི་མང་དང་སློབ་ཕྲུག་དང་བཅས་འདུ་འཛོམས་ཀྱི་ལོ་གསར་གྱི་རྟེན་འབྲེལ་མཛད་སྒོ་ཚོགས་གནང་སོང་ལ། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་སྤེན་ཚེ་རིང་ལགས་ཀྱིས་མང་ཚོགས་ལ་ལོ་གསར་གྱི་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་བའི་ནང་བཙན་བྱོལ་ནང་བོད་མི་ཚོ་རང་དབང་གི་ཐོག་ནས་ལོ་གསར་སྲུང་བརྩི་ཞུ་བཞིན་ཡོད་ཀྱང་། བོད་ནང་རྒྱ་གཞུང་གི་དམ་དྲག་དྲག་གནོན་འོག་རང་དབང་བྲལ་བའི་གནས་སྟངས་འོག་ཡོད་དུས། བཙན་བྱོལ་ནང་གི་བོད་མི་ཚོས་བོད་ནང་གི་བོད་མིའི་གནས་སྟངས་ལ་གཞིགས་པའི་ལོ་གསར་སྲུང་བརྩི་ཞུ་ཕྱོགས་ཐད་བསམ་བློ་གཏང་དགོས་པའི་དྲན་སྐུལ་གནང་སོང་།
ད་དུང་སྲིད་སྐྱོང་མཆོག་གིས་མུ་མཐུད་གསུངས་དོན་ལ། ཨ་རིའི་གཞུང་གིས་རྒྱལ་སྤྱིའི་ཁྱོན་ལ་རོགས་སྐྱོར་བཀག་སྡོམ་བྱས་པ་གཞིར་བཟུང་བོད་མིའི་སྒྲིག་འཛུགས་ནང་ཚན་པ་ཁག་ཅིག་ལ་རོགས་སྐྱོར་གནང་བཞིན་པ་གནས་སྐབས་མཚམས་འཇོག་གནང་ཡོད་ན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་རོགས་སྐྱོར་དེ་བསྐྱར་གསོ་ཡོང་ཐབས་སུ་འབད་བརྩོན་གནང་བཞིན་ཡོད་པ་སོགས་ཀྱི་འགྲེལ་བརྗོད་གནང་འདུག
མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་གཏན་འཕེལ་ལགས་ཀྱིས་ལོ་གསར་གྱི་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་བའི་ནང་བོད་པའི་ལོ་གསར་དང་འབྲེལ་རིག་གཞུང་ཕྱུག་པོ་ཡོད་པ་དེ་མི་རབས་རྒན་པ་ཚོས་གཞོན་པ་ཚོར་ངོ་སྤྲོད་ཀྱིས་རྩིས་སྤྲོད་དགོས་པའི་ལམ་སྟོན་དང་། ད་དུང་ཁོང་ནས་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་བཟང་པོ་དེ་རྒྱུད་འཛིན་དགོས་རྒྱུའི་གལ་ཆེ་རང་བཞིན་དང་། གཞིས་བཞུགས་བོད་མི་ཚོའི་ལྷག་བསམ་སྙིང་སྟོབས་ལ་བསྔགས་བརྗོད་དང་འབྲེལ་ཁོང་རྣམ་པས་བཙན་བྱོལ་བོད་མི་ཚོར་རེ་བ་གནང་བཞིན་པ་ཡོད་པ་ལྟར་བཙན་བྱོལ་བོད་མི་ཚོས་གཞིས་ལུས་བོད་མི་ཚོར་སེམས་འཁུར་དགོས་པའི་སྐུལ་མ་གནང་སོང་།
དེ་བཞིན་སྲིད་སྐྱོང་དང་ཚོགས་གཙོ་རྣམ་གཉིས་ནས་མགྲིན་དབྱངས་གཅིག་འགྱུར་གྱི་བཀའ་མོལ་གནང་བའི་ནང་༸གོང་ས་༸སྐྱབས་མགོན་པོ་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པ་དང་། བོད་དོན་ཐོག་དོ་སྣང་གིས་བོད་མིའི་ལ་རྒྱ་མ་དོར་བར་རང་འཁྲི་འགན་སྒྲུབ་ཐབས་དགོས་པ་སོགས་ཀྱི་སྐུལ་མ་གནང་སོང་།
གཞི་རྩའི་དེ་རིང་གི་མཛད་སྒོ་དེ་བཞིན་རྣམ་ཀུན་དང་མི་འདྲ་བར་ཉེ་སྔོན་བོད་ནང་ས་ཡོམ་གྱི་གོད་ཆགས་བྱུང་བ་དང་། ལྷག་པར་དུ་སྐུ་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་ལགས་དགོངས་པ་རྫོགས་པར་བརྟེན་དགའ་སྟོན་གྱི་རྣམ་པ་མེད་པའི་སྒོ་ནས་སྲུང་བརྩི་ཞུས་གནང་ཡོད།།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།