འབྲོག་པ་ཚོ་འཚོ་བའི་དཀའ་ངལ་འཕྲད་ནས་རྒྱ་ནག་ཏུ་ལས་ཀ་བྱེད་ཏུ་འགྲོ་དགོད་ཆགས་འདུག

2022.02.22
འབྲོག་པ་ཚོ་འཚོ་བའི་དཀའ་ངལ་འཕྲད་ནས་རྒྱ་ནག་ཏུ་ལས་ཀ་བྱེད་ཏུ་འགྲོ་དགོད་ཆགས་འདུག
པར་ཚགས།

ཉེ་ལམ་བོད་ནང་ནས་བརྙན་ཐུང་ཁག་ཅིག་ཐོན་ཡོད་པའི་ནང་། བོད་མི་རྣམས་ལན་གྲུ་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚིགས་སུ་འཚང་ག་ཤིག་ཤིག་ངང་གྲལ་བསྒྲིགས་ཏེ་མེ་འཁོར་ས་ཚིགས་སུ་འགྲོ་བཞིན་པའི་རྣམ་པ་མངོན་རྒྱུ་ཡོད་ཅིང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འབྲེལ་ཡོད་མི་སྣར་རྩད་གཅོད་ཞུས་སྐབས། རྒྱ་ནག་དུ་ལས་ཀ་བྱེད་དུ་འགྲོ་མཁན་མང་ཆེ་བ་རྒྱ་ནག་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་དང་། རྨ་ལྷོ། མགོ་ལོག་དང་གཅན་ཚ་བཅས་དང་། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་གཙོས་བོད་ཁུལ་གྱི་ས་ཁུལ་མང་པོ་ཞིག་ནས་འབྲོག་པ་མང་པོ་རྒྱ་ནག་ནང་དུ་ལས་ཀ་བྱེད་དུ་འགྲོ་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད།
འདི་ནི་རྒྱ་ནག་གཞུང་གིས་བོད་པའི་འབྲོག་པ་རྣམས་གྲོང་གསེབ་ཅན་ཟེར་བར་བསྒྱུར་ནས་རྩྭ་སའི་བདག་དབང་འཕྲོག་པའི་དབང་གིས་འཚོ་གནས་ལ་དཀའ་ངལ་འཕྲད་དེ་རང་ཁྱིམ་དུ་བྱིས་པ་བདག་སྐྱོང་བྱེད་མཁན་གྱི་རྒན་རྒོན་འགའ་ཤས་བཞག་སྟེ། ནང་མི་གཞན་རྣམས་རྒྱ་ནག་ཏུ་འཚོ་རྟེན་ལས་ཀ་བྱེད་དུ་མི་འགྲོ་ཀ་མེད་ཆགས་ཡོད་པ་ཞིག་ཡིན་པ་ཞིག་ཡིན་པའི་སྐོར་གྱི་གནས་ཚུལ་འགྲེལ་བརྗོད་གནང་མཁན་བྱུང་ཡོད་ལ། བོད་མི་མང་པོ་ཞིག་རྒྱ་ནག་གི་ས་ཁུལ་ཁག་ཏུ་སྐྱོད་པའི་ས་ཁུལ་ཁག་ནི་ཨན་ཧྭེ་(Anhui) ས་ཁུལ་ཡིན་པ་དང་།  ཁུལ་དེའི་གློག་ཆས་བཟོ་གྲྭ་ཁག་ཅིག་གི་ནང་དུ་རྒྱ་ཡིག་ཤེས་མི་དགོས་པ་དང་།  མི་རིགས་གང་ཞིག་ཡིན་དགོས་མིན་སོགས་ཀྱི་ཚད་བཀག་གི་ཆ་རྐྱེན་མེད་པར།  ལོ་ན་ ༡༦ ནས་ ༥༣ བར་གྱི་མི་སྣ་སུ་ཞིག་ལའང་ལས་ཀ་ཐོབ་ཀྱི་ཡོད་པས་ཡིན་འདུག་ལ།གཞན་འབྲེལ་ཡོད་མི་སྣས་འདི་གའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་པའི་ནང་དུ།བོད་མི་རྣམས་ལ་ལས་ཀའི་གོ་སྐབས་རེག་གིན་ཡོད་པ་དེ་ནི་དམིགས་བསལ་གྱིས་བོད་མི་རྣམས་ལ་ཡག་པོ་བྱས་པ་ཞིག་མིན་པར་རྒྱ་ནག་ནང་ཁུལ་དུ་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལག་བསྟར་བྱས་པའི་དབང་གིས་བྱིས་པ་དང་གཞོན་སྐྱེས་ཉུང་དུ་སོང་ཞིང་། ལོ་ན་རྒན་པོའི་མི་གྲངས་མང་དུ་སོང་ནས་ལས་ཀ་བྱེད་མཁན་གྱི་མི་མེད་པའི་དཀའ་ངལ་ལ་འཕྲད་ཀྱིན་ཡོད་པའི་རྐྱེན་ཡིན་པའི་སྐོར་འགྲེལ་བརྗོད་གནངས་ཡོད།
ཡང་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན།ལས་ཀ་བྱེད་སའི་བཟོ་ལས་ཁང་དེས་སྡོད་གནས་དང་ཟ་མ་འགན་ལེན་ཞུ་བ་དང་ད་རུང་སོ་སོའི་བཟའ་ཟླ་འདུག་སའི་ཁང་བའང་ཡོད་ཅེས་བརྡ་ཐོ་དེའི་ནང་འཁོད་ཡོད་འདུག འོན་ཀྱང་ཉིན་རེའི་ལས་ཀའི་དུས་ཡུན་ཆུ་ཚོད་༡༢ནས་༡༤ཡིན་ཞིང་ཆུ་ཚོད་རེར་རྒྱ་སྒོར་༡༧ལས་སྤྲོད་ཀྱི་མེད་ལ།ད་དུང་ཟླ་རེར་ཉེན་འགོག་གླ་སྒོར་༥༠དང་།ཆུ་རིན་དང་གློག་རིན་དོ་བདག་སྒེར་སོ་སོས་འཇལ་དགོས་ཀྱིན་ཡོད་འདུག
འབྲེལ་ཡོད་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གིས་བོད་ནང་འཛུགས་བསྐྲུན་ཡར་རྒྱས་ཆེན་པོ་བཏང་ཡོད་ཚུལ་དང་མི་དམངས་ཀྱི་འཚོ་བའི་གནས་སྟངས་ཇེ་ལེགས་སུ་ཕྱིན་ཡོད་པའི་དྲིལ་བསྒྲགས་བྱས་ཀྱང་དོན་དངོས་སུ་བོད་མི་རང་ཉིད་རང་ས་རུ་འཚོ་ལས་ཀྱི་གོ་སྐབས་མེད་པ་དང་།ཕ་ཡུལ་དང་བྲལ་ནས་རྒྱ་ནག་གི་བཟོ་གྲྭ་ཁག་ཏུ་ལས་ཀའི་ཆེད་འགྲོ་དགོས་པའི་ཡ་ངང་བའི་གནས་སྟངས་ཤིག་ཆགས་ཡོད་པའི་ངོས་འཛིན་བྱེད་ཀྱིན་ཡོད་འདུག
གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎