དགེ་བཤེས་མའི་རྒྱུགས་སྤྲོད་ཆེན་མོའི་ལོ་རྒྱུས་སྟེང་ད་ལོ་མཉམ་ཞུགས་བྱེད་མཁན་མང་ཤོས་བྱུང་འདུག

བོད་ཀྱི་བཙུན་མའི་ལས་འཆར་ཁང་དང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་གཉིས་ཐུན་མོང་གིས་གོ་སྒྲིག་འོག སྐབས་༩པའི་དགེ་བཤེས་མའི་རྒྱུགས་སྤྲོད་ཆེན་མོ་དེ་བཞིན་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་བཙུན་དགོན་འཇམ་དབྱངས་ཆོས་གླིང་དུ་ཉེ་ལམ་འགོ་འཛུགས་ཀྱིས། སྤྱི་ཟླ་༨པའི་ཚེས་༡༡ཉིན་མཇུག་སྒྲིལ་གནང་གི་ཡོད་པ་དང་། རྒྱུགས་སྤྲོད་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དགེ་བཤེས་མ་བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས། སྔོན་འགྲོའི་ཆ་རྐྱེན་བཙུན་དགོན་སོ་སོའི་ནང་གཞུང་ཆེན་བཀའ་པོད་ལྔར་རབས་འབྱམས་པའི་རྒྱུགས་སྤྲོད་ཀྱི་རྒྱ་ཆ་ ༧༥ལོན་དགོས་པ་དང་དགེ་བཤེས་མའི་ཡིག་རྒྱུགས་ལོན་པར་རྒྱ་ཆ་ ༤༠ དགོས་ཤིང་། ད་ལོའི་དགེ་བཤེས་མའི་ཡིག་རྒྱུགས་ཆེན་མོ་ནང་བཙུན་དགོན་ཁག་བདུན་ནས་བཙུན་མ་ཁྱོན་༡༣༢་མཉམ་ཞུགས་གནང་ཡོད་པ་དེ་ནི་དགེ་བཤེས་མའི་རྒྱུགས་སྤྲོད་ཆེན་མོའི་ལོ་རྒྱུས་སྟེང་མཉམ་ཞུགས་བྱེད་མཁན་མང་ཤོས་དེ་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་ཆ་ནས་དགེ་བཤེས་མའི་རྒྱུགས་སྤྲོད་ཆེན་མོར། ལོ་རིམ་དང་པོ་ནས་བཞི་པའི་བར་ཡོད་པ་དང་། སྔར་ལོར་དགེ་བཤེས་མའི་ཡིག་རྒྱུགས་ཆེན་མོའི་ནང་མཉམ་ཞུགས་གནང་མཁན་བཙུན་མ་༩༤བྱུང་འདུག་པ་དང་། ད་ལོར་༣༨མང་པོ་དུ་ཕྱིན་འདུག་ཅིང་། ལོ་རིམ་བཞི་པའི་རྒྱུགས་སྤྲོད་ནང་ཞུགས་མཁན་བཙུན་བློ་ཆུང་ལགས་ནི་དབུས་ཡངས་པ་ཅན་ནས་ཡིན་ཞིང་། སྤྱི་ལོ་༡༩༩༧ལོར་བཙན་བྱོལ་ལ་འབྱོར་མ་ཐག་ཏུ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཆགས་པའི་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་ཞུགས་ཏེ། ལོ་ངོ་༢༥ལྷག་ནང་པའི་གཞུང་ལུགས་ལ་སློབ་གཉེར་གནང་ཡོད་འདུག
སྤྱིར་རབ་བྱུང་མའི་ནང་ནས་གཞུང་ཆེན་བཀའ་པོད་ལྔའི་ཐོག་ལ་བསླབ་པ་སློབ་གཉེར་མཛད་དེ་དགེ་བཤེས་མ་ཐོན་ཏེ། འགྲོ་བ་སྤྱིའི་བདེ་རྩར་ཕན་པའི་རླབས་ཆེན་གྱི་བྱ་བ་བསྒྲུབ་རྒྱུ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ཡིན་པར་བརྟེན། སྤྱི་ལོ་༢༠༡༦ནས་ད་བར་བཙུན་དགོས་ཆེ་ཁག་དྲུག་ནས་དགེ་བཤེས་མ་༥༣ཐོན་ཟིན་འདུག་ལ། དགེ་བཤེས་མའི་ཡིག་རྒྱུགས་ཆེན་མོ་དེ་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ཁྲོད་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་དང་ཟིན་ཐོ་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།
བཙུན་མ་བློ་བཟང་བྱང་ཆུབ་ལགས་ནི་གཞིས་ཀ་རྩེ་ནས་ཡིན་ཞིང་། སྤྱི་ལོ་༢༠༠༢ལོར་བཙན་བྱོལ་དུ་འབྱོར་ནས་བཞུགས་སྒར་དུ་ཆགས་པའི་བཙུན་དགོན་དགེ་ལྡན་ཆོས་གླིང་དུ་ཞུགས་ནས་ད་བར་མི་ལོ་༢༠ལྷག་ནང་པའི་གཞུང་ལུགས་ཁག་ལ་སློབ་གཉེར་མཛད་འདུག་པ་དང་། ད་ལོའི་དགེ་བཤེས་མའི་ལོ་རིམ་གསུམ་པའི་ཡིག་རྒྱུགས་ནང་མཉམ་ཞུགས་གནང་གི་ཡོད་པ་གསུངས་ཤིང་། ནང་ཆོས་ལ་སློབ་གཉེར་བྱས་པའི་རྗེས་འབྲས་སུ། རང་ཉིད་ཀྱི་སེམས་ཁམས་གུ་ཡངས་སུ་འགྲོ་རྒྱུའི་ཕན་ཐོགས་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་ཆ་ནས་དགེ་བཤེས་མའི་རྒྱུགས་སྤྲོད་ཆེན་མོའི་ནང་ཞུགས་པར་ཆ་རྐྱེན་གཙོ་བོ་ཞིག་ནི། བཙུན་དགོན་ཞིག་གི་ནང་མ་མཐའ་ཡང་ནང་ཆོས་ལ་ལོ་ངོ་༡༧སློབ་གཉེར་གནང་མྱོང་མཁན་ཞིག་དགོས་ཡོད་འདུག་ལ། རྒྱ་གར་བྱང་ཕྱོགས་སུ་ཆགས་པའི་ཁུ་ནུ་བྱང་སེམས་བཙུན་དགོས་ནས་ཡིན་པའི་བཙུན་མ་སྐལ་བཟང་ལགས་ཀྱིས་དགོན་པ་དེ་ཉིད་ནང་མི་ལོ་༡༩སློབ་གཉེར་གནང་པའི་རྗེས། ད་ལོའི་དགེ་བཤེས་མའི་ལོ་རིམ་གཉིས་པའི་ཡིག་རྒྱུགས་ནང་མཉམ་ཞུགས་གནང་གི་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་ད་ལོའི་ལོ་རིམ་དང་པོའི་ཡིག་རྒྱུགས་ནང་ཞུགས་མཁན་བཙུན་མ་བློ་བཟང་བདེ་འཛོམས་ལགས་ནི། ༡༩༩༨ལོར་བལ་ཡུལ་ཀོ་པཎ་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་དུ་ཞུགས་ཏེ། མི་ལོ་༢༥རིང་ནང་ཆོས་ལ་སློབ་གཉེར་བྱས་པའི་རྗེས། འདི་ལོར་དགེ་བཤེས་མའི་ཡིག་རྒྱུགས་ཆེན་མོའི་ནང་མཉམ་ཞུགས་ཐུབ་པ་དེ་ནི་༧གོང་ས་མཆོག་དང་བླ་མ་བཟོད་པ་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་དགེ་བཤེས་མའི་ཡིག་རྒྱུགས་ཆེན་མོའི་ནང་ཞུགས་མཁན་བཙུན་མ་ཚོའི་ཞུགས་གནས་དང་། ཞལ་ལག་སོགས་འགྲོ་མགྲོན་ཁག་བཙུན་མའི་ལས་འཆར་ཁང་གིས་གོ་སྒྲིག་གནང་གི་འདུག་ཅིང་། ལས་འཆར་ཁང་དེ་ཉིད་ནི་༧གོང་ས་མཆོག་གི་བཀའ་དགོངས་བཞིན། ༡༩༨༧ལོར་ཐོག་མར་འགོ་བཙུགས་གནང་སྟེ། འདས་པའི་ལོ་ངོ་༣༥ཡི་ནང་བཙུན་མ་ཚོའི་ཤེས་ཡོན་གྱི་ཐོག་དམིགས་བསལ་ཤུགས་བརྒྱབ་ཡོད་པ་ལས་འཆར་འགན་འཛིན་སྣང་ས་ཆོས་སྒྲོལ་ལགས་ཀྱིས་ངོ་སྤྲོད་གནང་བྱུང་ལ། ད་ལྟའི་ཆར་ལས་འཆར་དེའི་འོག་བཙུན་དགོན་ཆེ་ཁག་བདུན་གྱི་ནང་བཙུན་མ་༨༠༠ལྷག་ལ་སློབ་ཡོན་དང་འཚོ་སྣོན་གྱི་རོགས་སྐྱོར་གནང་མུས་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།