རྒྱ་གཞུང་གིས་སྨར་ཁམས་སུ་བོད་མིའི་ཐོག་དྲག་གནོན་བྱས་པ།
2010.05.10
༄༅༎བོད་རང་སྐྱོང་ལྗོངས་ཀྱི་གུང་བྲན་ཏང་གི་འགོ་ཁྲིད་ཏྲང་ཅི་ལིས་སྨར་ཁམས་སུ་གཏེར་ཁ་བསྔོག་འདོན་ཐོག་བཀག་འགོག་བྱེད་མཁན་བོད་མི་ངོ་རྒོལ་བ་རྣམས་ཀྱི་ཐོག་དྲག་པོའི་དམག་མི་སྟོང་ཕྲག་ལྔ་ཙམ་བཏང་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་འདུག་།
དེ་ཡང་བོད་ཀྱི་སྨར་ཁམས་ནས་འདི་ག་རླུང་འཕྲིན་ཁང་ལ་ཐད་ཀར་གནས་ཚུལ་ངོ་སྤྲོད་གནང་དོན་ལྟར་ན་ བོད་ཀྱི་སྨར་ཁམས་ཀྱི་གཙོང་ཆུས་ས་ཁུལ་དུ་རྒྱ་ནག་གི་ཚོང་ལས་ཁང་གི་ས་གནས་ཁག་གསུམ་དུ་གཏེར་ཁ་བསྔོག་འདོན་གྱི་ལས་དོན་ཐོག་བོད་མི་སྟོང་ཕྲག་ཁ་ཤས་ཀྱིས་ཞི་བའི་ཐོག་ནས་ངོ་རྒོལ་བཀག་འགོག་བྱེད་བཞིན་པ་ཡིན་ཅིང་། བོད་མི་ལྔ་ལ་རྨས་སྐྱོན་བྱུང་ནས་སྨར་ཁམས་རྫོང་གི་སྨན་ཁང་དུ་ཁྲིད་ཡོད་པ་དང་ བོད་མི་བདུན་ཙམ་ངོ་རྒོལ་གྱི་ཁུལ་དུ་འཛིན་བཟུང་བྱས་ཡོད་པ་རེད་འདུག་།
དེ་མ་ཟད་ཕྱི་ཟླ་ལྔ་པའི་ཚེས་༤ཙམ་དུ་གནད་དོན་དེའི་སྐོར་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གི་ཚོང་ལས་ཁང་ལ་གྱོད་གཏུག་བྱེད་མཁན་བོད་མི་ལྡ་དང་ རྒྱ་ནག་ནང་བོད་མི་བརྒྱད་བཙན་འཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་འདུག་། དེ་མ་ཟད་ལྷ་ས་དང་ཆབ་མདོ་སྨར་ཁམས་ཀྱི་འབྲེལ་ཡོད་ལས་བྱེད་ཚང་མ་བོད་མི་རྣམས་ཀྱི་ངོ་རྒོལ་བྱེད་ཡུལ་གཙོང་ཤུལ་ས་ཁུལ་འགྲོ་དགོས་པའི་བཀའ་བཏང་བ་མ་ཟད་ དྲག་པོའི་དམག་མི་ལྔ་སྟོང་ཙམ་ས་ཁུལ་དུ་བཏང་ཟིན་པ་དང་ ཁྱོན་བསྡོམས་དམག་མི་ཁྲི་གཅིག་ཡོང་ནས་བོད་མིའི་ཐོག་དྲག་གནོན་བྱེད་དགོས་པའི་བཀའ་གནང་ཡོད་པ་རེད་འདུག་། དེ་ཡང་བོད་ནས་བོད་མི་ཞིག་གིས་འགྲེལ་བརྗོད་གནང་དོན་ལ་།
ཕྱི་ལོ་༢༠༠༩་ལོར་བོད་མི་རྣམས་ཀྱིས་སྨར་ཁམས་ཁུལ་དུ་ཞི་བའི་ངོ་རྒོལ་དང་ ཁྲིམས་རྩོད་པ་གོ་བསྒྲིག་ཞུས་ནས་ས་ཁུལ་དུ་གཏེར་ཁ་བསྔོག་འདོན་མཚམས་འཇོག་བྱེད་རྒྱུ་དང་ ས་གནས་ཀྱི་བོད་མི་རྣམས་ལ་གུན་གསབ་སྤྲད་རྒྱུའི་ཐག་ཆོད་བྱུང་ཡོད་པ་རེད། འོན་ཀྱང་ད་ཆ་གནས་ཚུལ་ལ་འགྱུར་བ་བཏང་ནས་གནས་སྟངས་ཛ་དྲག་ཏུ་ཕྱིན་ཡོད་པ་འགྲེལ་བརྗོད་གནང་འདུག་།