རྒྱ་གར་གྱི་དཔོན་རིགས་ཁག་དང་མཇལ་འཕྲད་ཀྱིས་བོད་དོན་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་འབོད་སྐུལ་ཞུས་འདུག
དེང་སྐབས་བོད་མི་མང་སྤྱི་འཐུས་རྣམ་པ་ཁག་བགོས་བྱས་ནས་ས་གནས་ཁག་མང་པོར་ཕྱོགས་ཕེབས་སྐོར་བསྐྱོད་གནང་བཞིན་པ་ལྟར། བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་འདི་ཚེས་༡༠་ནས་༡༤་བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་དང་། དེའི་གཡས་གཡོན་གྱི་བོད་མིའི་སུད་ཚོང་ཁྲོམ་རའི་ས་གནས་ཁག་ཅིག་ལ་འཚམས་གཟིགས་དང་། བཙན་བྱོལ་བོད་མི་ཚོའི་བདེ་སྡུག་གི་གནས་སྟངས་ལ་རྒྱུས་ལོན་དང་སྦྲགས། རྒྱ་གར་དབུས་གཞུང་གི་ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་ཀི་རེན་རེ་ཇི་ཇུ་(Shri Kiren Rijiju, Union Minister for Law & Justice) ལགས་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇི་ཐི་ཀུ་མར་(Shri Sujeet Kumar, MP Rajya from Odisha and APIPFT Convener)་ལགས་གཙོས་གནད་ཡོད་རྒྱ་གར་གྱི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་ཀྱིས་རྒྱ་གར་གཞུང་དམངས་གཉིས་ཀྱིས་བཙན་བྱོལ་བོད་མི་ཚོར་ཚད་མཐོའི་རྒྱབ་སྐྱོར་དང་མཐུན་འགྱུར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་བ་དང་མཉམ། ཉེ་བའི་ཆར་པེ་ཅིང་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་འགོ་འཛུགས་སྐབས་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཆེད་བཅར་མ་གནང་བ་ལྟར། རྒྱ་གར་གཞུང་གིས་མུ་མཐུད་དུ་བོད་དང་རྒྱ་ནག་གི་ཐོག་འཛིན་པའི་ལངས་ཕྱོགས་བརྟན་པོར་འཛིན་དགོས་བའི་རེ་སྐུལ་ཞུས་པ་བཞིན་སྐུ་ཞབས་ཀི་རེན་རེ་ཇི་ཇུ་ལགས་ཀྱིས་དེའི་ཐད་བོད་མི་ལས་ལྷག་རྒྱ་གར་གཞུང་ལ་འགན་ཡོད་པས་དེའི་ཐད་བློ་ཚབས་གནང་མི་དགོས་ཞེས་ལན་འདེབས་གནང་ཡོད་པ་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་སྤྱི་འཐུས་རྣམ་པ་གཉིས་ཀྱིས་རྒྱ་གར་བོད་དོན་སློབ་སྟོན་པ་ཟུར་པ་གཙོས་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་དང་། གནད་ཡོད་དཔོན་རིགས་མང་པོ་ཞིག་དང་མཇལ་འཕྲད་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་རེ་བ་ཞུས་པ་བཞིན། ཟླ་བ་རེ་རེའི་ནང་བོད་དོན་དང་འབྲེལ་བའི་གཏམ་བཤད་དང་ལས་འགུལ་སོགས་སྤེལ་ཏེ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག
རྩ་བའི་ཆ་ནས་སྤྱི་འཐུས་རྣམ་པ་གཉིས་ལྡི་ལི་དང་ར་ཇི་སི་ཐན། གྷུ་ཇི་ར་ཏི། ཧ་རི་ཡ་ན་བཅས་སུ་ཕྱོགས་ཕེབས་གནང་རྒྱུ་ཡིན་ཡང་ཏོག་དབྱིབས་ནད་ཡམས་ཀྱི་བཀག་རྒྱའི་འོག་ལྡི་ལི་ཁུལ་དུ་འཚམས་གཟིགས་གནང་ཡོད་ཅིང་། འཚམས་གཟིགས་སྐབས་མི་མང་རྣམས་ཀྱིས་བོད་གཞུང་དམངས་གཉིས་ཀྱི་ངོས་ནས་བོད་དོན་ལས་འགུལ་མང་ཙམ་སྤེལ་ཐབས་གནང་དགོས་པའི་རེ་སྐུལ་དང་། དེ་བཞིན་ས་ཁང་། བུན་གཡར་སོགས་བདེ་སྡུག་གི་གནས་སྟངས་མང་པོ་ཞིག་སྙན་གསན་ཞུས་ཡོད་འདུག
གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།