རྒྱ་གཞུང་གི་འཁྱོག་བཤད་ལ་སྐྱོན་བརྗོད།
2013.02.19
༄༅། །སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་དེའི་ནང་། བོད་ནང་དུ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་ཡི་ཡོད་ཀྱང་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༡༤ ཉིན་བོད་ཀྱི་ས་གནས་གང་སར་རང་ལུས་མེར་སྲེག་གི་གནས་ཚུལ་ལ་དམིགས་ནས་འཁྱོག་བཤད་དང་དངོས་ཡོད་མ་ཡིན་པའི་༼དོན་ཚན་ལྔ་༽ཅན་ཞིག་ས་གནས་གང་སར་སྦྱར་འགྲེམས་བྱས་ཡོད་པ་དང་། ན་ནིང་ཟླ་༡༡ ཚེས་༢༠ རྨ་ལྷོ་ཁུལ་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཀྱིས། རང་ལུས་མེར་སྲེག་དང་འབྲེལ་བའི་༼དོན་ཚན་བདུན་༽ཅན་ཞིག་ཁྱབ་བསྒྲགས་བྱས་ཡོད་སྐོར་གསུངས་ཡོད་པ་རེད། གསལ་བསྒྲགས་དེའི་ནང་ད་དུང་། རྒྱ་ནག་གི་དབང་འཛིན་པ་ཚོས་བོད་མི་རྣམས་ལ་སྲོག་ཁྲིམས་དང་། ལོ་གྲངས་རྒྱས་བཅད་ཀྱི་བཙོན་འཇུག མནར་གཅོད། ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པ། དགེ་འདུན་པ་རྣམས་དགོན་པ་ནས་ཕྱིར་ཕུད་བྱས་པ། བོད་མི་རྣམས་ལ་འཇིགས་སྐུལ་གྱིས་གནས་ཚུལ་རྫུན་སྒྲིག་བྱས་ཏེ་ཁྱབ་བསྒྲགས་བྱེད་དུ་བཅུག་དང་འཇུག་བཞིན་པ་སོགས་བོད་མི་ཚོར་སུན་གཙེར་ཚད་མེད་བཟོ་བཞིན་ཡོད་སྐོར་ངོ་སྤྲོད་དང་འབྲེལ། ད་བར་དུ་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་གཏོང་མཁན་ཚོས། ༸གོང་ས་མཆོག་བོད་དུ་གདན་ཞུ་བྱ་དགོས་པ་དང༌། བོད་ལ་རང་དབང་དགོས་པའི་དགོས་འདུན་བཏོན་པ་དང༌། རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱེད་བཞིན་པ་དེ་དག་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། ཚོགས་སྡེ་ཁག གསར་འགོད་པ། ཉམས་ཞིབ་པ། མཁས་དབང་། ལས་འགུལ་བ། མང་གཙོ་དོན་གཉེར་བ་སོགས་ཚང་མས་དངོས་ཡོད་ཡིན་མིན་སོགས་ལ་ཞིབ་འཇུག་མཐར་ཕྱིན་པ་བྱས་ཏེ། བདེན་པར་རྒྱབ་སྐྱོར་དང་རྫུན་མ་ཐེར་འདོན་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད། །