ལས་འཆར་ཚོགས་ཆུང་གི་སྙན་ཐོ་གྲོས་ཚོགས་སུ་སྙན་སྒྲོན་ཞུས་པ།
2011.03.24
༄༅༎ཕྱི་ཚེས་༢༣ཉིན་སྐབས་༡༤པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༡པའི་ཐོག་བཀའ་སྤྱི་གཉིས་ལས་གྲུབ་པའི་༸གོང་ས་མཆོག་གི་གསུང་འཕྲིན་ཐད་ཀྱི་ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་གྲོས་ཚོགས་ནང་སྙན་སྒྲོན་ཞུས་གནང་འདུག
བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྙན་ཐོ་སྒྲོག་སྦྱང་གནང་བའི་ནང་དོན་གཙོ་བོ་ནི། ༸གོང་ས་སྐུ་ཕྲེང་༡༤པ་མཆོག་གིས་གཞིས་བྱེད་བོད་རིགས་ཡོངས་ཀྱི་བླ་ན་མེད་པའི་སྐྱབས་མགོན་དང༌། བླང་དོར་ལམ་སྟོན་པའི་མཛད་ཁུར་རྒྱུན་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུའི་བརྒྱུད་ལམ་གསར་པ་ཞིག་འཚོ་ཐབས་གནང་དགོས་པའི་རྒྱབ་གཉེར་ཞུ་རྒྱུ། དེ་བཞིན་བཅའ་ཁྲིམས་བསྐྱར་བཅོས་ཞུ་ཕྱོགས་ཐད། གསུང་འཕྲིན་གྱི་དགོངས་དོན་བཞིན་༸གོང་ས་མཆོག་གི་སྐུ་དབང་དང་མཛད་འགན་ཁག་ཁྲིམས་ཞིབ་པ་དང་བཀའ་བློན་ཁྲི་པ། སྤྱི་འཐུས་ཚོགས་གཙོ་བཅས་ལ། གང་ལ་ཅིང་འོས་ཆ་བགོས་དང༌། སྡེ་སྲིད་ལྷན་ཚོགས་ཀྱི་ཆ་རྐྱེན་ཁག་ཕྱི་བསྡུ་གནང་རྒྱུ། སྔོན་གླེང་དང་༸གོང་ས་མཆོག་གི་སྐོར་དོན་ཚན་གཅིག་གསར་སྣོན་གནང་རྒྱུ། དེ་དང་ཆབས་ཅིག་བཙན་བྱོལ་སྒྲིག་འཛུགས་རྒྱུན་གནས་ཡོང་སླད་ད་ལན་བསྐྱར་བཅོས་འདི་མཉམ་ཡུལ་ཁྲིམས་དང་སྲིད་དོན་གྱི་ཐོག་ནས་འབྱུང་འགྱུར་སྐུ་ངལ་འཕྲད་གཞིའི་མིང་ཚིག་རེ་ཟུང་ཡོད་པ་དག་ཀྱང་ཆབས་ཅིག་བསྒྱུར་བཅོས་ཐུབ་ན་བཀའ་དགོངས་དང་མཐུན་པ་ཡོང་རྒྱུ་ཡིན་པ་སོགས་འཁོད་ཡོད་པ་རེད།
གཞི་རྩའི་བཅའ་ཁྲིམས་བསྐྱར་བཅོས་ཐོག་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ཆེད་དམིགས་བསལ་ཚོགས་ཆེན་ཞིག་གམ། ཡང་ན་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཞིག་སྐབས་༡༤པའི་སྤྱི་འཐུས་ལས་ཡུན་མ་རྫོགས་གོང་བསྡུ་སྐོང་གནང་རྒྱུ་ཡིན་སྐོར་རྒྱབ་གཉེར་སྙན་ཐོའི་ནང་འཁོད་འདུག།