འབྲས་ལྗོངས་སུ་བོད་དོན་གླེང་བ།
2013.05.08

༄༅། །བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་གསུམ་གྱིས་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་གི་རྒྱ་གར་གྱི་གནད་ཡོད་མི་སྣ་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་ངོ་སྤྲོད་གནང་འདུག དེ་ཡང་ཕྱི་ཟླ་༥ཚེས་༣ནས་༨བར་ཉིན་གྲངས་དྲུག་རིང་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་གསུམ་གྱིས་རྒྱ་གར་འབྲས་ལྗོངས་མངའ་སྡེའི་སྒང་ཏོག་གི་ས་གནས་གྲོས་ཚོགས་ལྷན་ཁང་གི་ཚོགས་གཞོན་དང་། ཤེས་རིག་བློན་ཆེན། ཟ་འབྲུ་དང་འཕྲོད་བསྟེན་བློན་ཆེན། བདེ་འཇགས་དང་འགྲིམས་འགྲུལ་ཐད་ཀྱི་བློན་ཆེན་སོགས་དཔོན་རིགས་རེ་རེ་བཞིན་མཇལ་འཕྲད་གྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་ངོ་སྤྲོད་གནང་ཡོད་པ་དང་། ཁོ་ཚོས་བོད་དང་འབྲས་ལྗོངས་དབར་རིག་གཞུང་དང་ལོ་རྒྱུས་ཀྱི་འབྲེལ་ལམ་སྐོར་ལ་གླེང་སློང་གནང་བ་དང་སྤྲགས། བོད་ཀྱི་ཆབ་སྲིད་ལས་འགུལ་ཐད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་ཞུས་པས་མ་ཚད། SDF ཞེས་པའི་འབྲས་ལྗོངས་མང་གཙོ་མདུན་བསྐྱོད་ཚོགས་པ་ནས་རྒྱ་གར་དབུས་གྲོས་ཚོིགས་ནང་བོད་དོན་སྐོར་གྲོས་ཆོད་བཞག་ཐབས་ཀྱི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་འདུག།