རིག་གཞུང་སྐུ་ཚབ་ཚོགས་པ་ཞིག་གིས་བཞུགས་སྒར་དུ་འཚམས་གཟིགས།
2018.10.18

སུ་ཀོ་ཊིལེན་ཊའི་འཐུས་མི་དྲུག་ལས་གྲུབ་པའི་རིག་གཞུང་སྐུ་ཚབ་ཚོགས་པ་ཞིག་གིས་བཞུགས་སྒར་རྡ་རམ་ས་ལའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འཚམས་གཟིགས་སུ་ཕེབས་ཡོད་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་ལ། དབྱིན་ཡུལ་གྱི་བྱང་ཕྱོགས་སུ་ཡོད་པའི་(Scottland)ཡི་འཐུས་མི་དྲུག་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ཟླ་བཅུ་པའི་ཚེས་༡༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འཚམས་གཟིགས་སུ་ཕེབས་པའི་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པས་ཕེབས་བསུ་ཞུས་པ་མ་ཟད། ཁོང་གིས་སྐུ་ཚབ་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། སྐུ་ཚབ་འཐུས་མི་ཚོས་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་གནང་གྲུབ་པའི་རྗེས་སྤྱི་འཐུས་ཚོགས་གཙོ་གཞོན་པས་ཁོང་རྣམས་ལ་བོད་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་དང་། ནང་ཆོས་ཀྱི་ལྟ་གྲུབ་སྐོར་སྙིང་བསྡུས་ཤིག་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ངོ་སྤྲོད་ཞུས་ཡོད་པ་རེད།
ད་དུང་ཁོང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱས་འཛོམས་ལོ་གཅིག་ལ་ཐེངས་གཉིས་ཚོགས་སྲོལ་ཡོད་པ་དང་། སྤྱི་འཐུས་ཀྱི་སྐུ་ཚབ་ཀྱིས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་བསྐྱོད་དེ་གཞུང་གི་འགོ་ཁྲིད་དང་། གྲོས་ཚོགས་ཀྱི་འཐུས་མི། ཞིབ་འཇུག་པ། གསར་འགྱུར་ལས་ཁང་། མང་ཚོགས་ལ་བོད་དོན་གྱི་གནས་སྟངས་ངོ་སྤྲོད་ཞུས་ཏེ་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་འབོད་སྐུལ་གནང་གི་ཡོད་པའི་སྐོར་དང་། ལྷག་དོན་བོད་ཀྱི་དཀའ་ངལ་ཞི་བའི་ཐོག་ནས་སེལ་ཐབས་གནང་བཞིན་པའི་བོད་དང་རྒྱ་ནག་གཉིས་ཀར་ཕན་ཐོགས་ལྡན་པའི་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་སྐོར་ངོ་སྤྲོད་ཞུས་ཡོད་པ་རེད།
མཐར་དོན་ཁོང་གིས་སྐུ་ཚབ་རྣམས་ལ་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ཚོར་བོད་ཀྱི་གནད་དོན་གྲོས་ཚོགས་ནང་བཀའ་མོལ་ཡོང་ཐབས་ཀྱི་འབོད་སྐུལ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་འདུག
གསར་འགོད་པ་ཉི་མ་གཡུ་སྒྲོན།