བོད་དུ་ཕྱིར་ལོག་མཁན་དོ་དམ་བཀག་ཉར་།
2012.02.10
༄༅༎རྒྱ་གར་དང་བལ་ཡུལ་དུ་གནས་མཇལ་དུ་བསྐྱོད་དེ་ཕྱིར་ལོག་བྱེད་མཁན་ལྷ་སའི་གྲོང་མི་རྣམས་རྒྱ་ནག་གཞུང་གིས་མིང་ཐོ་རྒྱབ་ཏུ་ཡོང་དགོས་པའི་བཀའ་ཁྱབ་བཏང་སྟེ་ནང་དུ་ཕྱིར་ལོག་མ་བཏང་བར་དོ་དམ་བཀག་ཉར་བྱེད་ཀྱི་ཡོད་པ་རེད།
འདི་ག་རླུང་འཕྲིན་ཁང་དུ་བོད་ནས་ཁུངས་ལྡན་གནས་ཚུལ་གསར་པ་རིམ་པ་འབྱོར་བའི་ནང༌། ཉེ་ཆར་ལྷ་སའི་གྲོང་མི་རྒྱ་ནག་གཞུང་ནས་ཐོངས་མཆན་ལག་འཁྱེར་ཞུས་ཏེ་བལ་ཡུལ་དང་རྒྱ་གར་དུ་གནས་མཇལ་དུ་བསྐྱོད་པ་ཚོ་མིང་ཐོ་རྒྱབ་ཏུ་ཡོང་དགོས་པའི་བཀོད་ཁྱབ་བཏང་པ་ལྟར་བསྐྱོད་པའི་སྐབས་རང་ཉིད་ནས་བསྡད་དང་མི་སྡོད་ཀྱི་རང་དབང་མེད་པར་ཚང་མ་མཉམ་དུ་བཀག་ཉར་དོ་དམ་བྱས་པ་མ་ཟད། ནང་མི་ཚོར་ཡང་ཁོང་ཚོ་ག་པར་དོ་དམ་བྱས་ཡོད་མེད་ཀྱི་གནས་ཚུལ་གང་ཡང་བརྡ་ཐོ་བྱེད་ཀྱི་མེད་པ་རེད། གནས་ཚུལ་མཁོ་སྤྲོད་པས་། དོ་དམ་བྱས་པ་ཁྱོན་མི་གྲངས་༧༠༠ ནས་༨༠༠ ཙམ་ཡོད་པའི་ཚོད་དཔགས་བྱེད་ཀྱི་ཡོད་པ་དང༌། ཁོང་ཚོ་དོ་དམ་བྱས་པའི་རིང་སྡོད་ཁང་རིན་འབབ་དང་ཟ་བཅའ་སོགས་འགྲོ་གྲོན་ཡོངས་རྫོགས་སོ་སོ་རང་ཉིད་ནས་གཏོང་དགོས་པ། ཕྱི་ཟླ་ལྔ་པ་བར་བཀག་ཉར་དོ་དམ་བྱ་རྒྱུའི་འཆར་གཞི་ཡོད་པ་དེ་ཡིས་ཕལ་ཆེར་བོད་ཀྱི་ལོ་གསར་དང་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་གསུམ་བཅུའི་དུས་དྲན་གྱི་རིང་ཕྱིར་ལོག་གཏོང་རྒྱུའི་རེ་བ་མེད་པའི་ཚོད་དཔགས་བྱེད་ཀྱི་ཡོད་པ་རེད། ད་དུང་དོ་དམ་བྱས་པའི་ཁོངས་སུ་ལོ་ན་༨༠ བརྒྱ་གྲངས་བྱས་པའི་ལོ་ན་མཐོ་བ་ཡང་ཡོད་པ་དང༌། དོ་དམ་བྱས་པའི་ཁོངས་ནས་མང་པོ་ཞིག་ནི་ཁྱིམ་ཚང་གི་འཚོ་བ་འཚོལ་མཁན་ཡིན་ནའང་ད་ཆ་རྒྱ་ནག་གཞུང་གིས་དོ་དམ་བཀག་ཉར་བྱས་པ་བརྟེན་ནས་མང་པོ་ཞིག་ཁྱིམ་ཚང་གི་འཚོ་རྟེན་འཚོལ་མཁན་མེད་པའི་དཀའ་ངལ་དུ་ལྷུངས་བཞིན་ཡོད་པའི་ཁར་ཁྱིམ་ཚང་མང་པོ་ཞིག་གིས་ནང་མི་དོ་དམ་བྱས་པར་བརྟེན་ནས་འདི་ལོའི་ལོ་གསར་གྱི་རྟེན་འབྲེལ་བྱ་རྒྱུའི་འདུན་པ་ཡང་མེད་པར་སེམས་སྡུག་ངང་གནས་བཞིན་ཡོད་པ་དང༌། ལྷ་སའི་བར་སྐོར་ནང་ལ་ཆ་བཞག་ན། བར་སྐོར་ཁུལ་དུ་སྡོད་མཁན་བོད་མི་རྣམས་ནི། རྒྱ་མིའི་ཉེན་རྟོག་པས་བརྡ་ཐོ་སོགས་གང་ཡང་མ་སྤྲད་པར་གློ་བུར་དུ་མཚན་དཀྱིལ་དུ་ཡོང་སྟེ་བཙན་ཁྲིད་བྱེད་བཞིན་ཡོད་པ་དང༌། ལྷ་སའི་ཕྱོགས་གང་སར་ཉེན་རྟོགས་པ་འཕོན་ཆེ་འགྲེམས་འཇོག་བྱས་ཡོད་པ་སོགས་དམ་བསྒྲགས་ཆེན་པོ་ཡོད་བརྟེན་ནས་ལྷ་སའི་ཉེ་འཁོར་དུ་གནས་སྟངས་ཇི་ལྟར་ཡོད་མེད་ཧ་ཅང་གི་ཤེས་རྟོག་དཀའ་བའི་གནས་སྟངས་ངོ་སྤྲོད་གནང་གི་འདུག