ལོ་ཁྲི་དྲུག་གོང་ནས་བོད་མཐོ་སྒང་དུ་འགྲོ་བ་མི་འཚོ་གནས་བྱུང་འདུག


2017.02.16
བོད་མཐོ་སྒང་གི་འབྲོག་ཁྱིམ་ཞིག བོད་མཐོ་སྒང་གི་འབྲོག་ཁྱིམ་ཞིག
Jan Reurink

བོད་མཐོ་སྒང་གི་ས་ཐོག་ཏུ་ལོ་ངོ་ཁྲི་དྲུག་གི་གོང་ནས་འགྲོ་བ་མི་འཚོ་གནས་ཀྱི་ཆགས་རབས་འགོ་འཛུགས་བྱུང་ཡོད་པ་ཞིབ་འཇུག་ར་སྤྲོད་བྱས་འདུག
དེ་ཡང་ས་མཐོའི་བོད་འདི་བཞིན་མཚོ་ངོས་ལས་མཐོ་ཚད་མི་ཊར་༤༥༠༠་ཆགས་ཡོད་སྟབས་གནམ་གཤིས་ཧ་ཅང་གྲང་ངར་ཆེ་བ་དང་། དབུགས་གཏོང་ལེན་ཁག་པ། དེ་བཞིན་རང་བྱུང་གི་སྐྱེ་དངོས་ཞན་པའི་གནས་སྟངས་སོགས་ཀྱི་རྐྱེན་པས། འགྲོ་བ་མི་འཚོ་གནས་བྱེད་དཀའ་བར་བརྟེན་མཐོ་སྒང་བོད་ནང་མིའི་ཆགས་རབས་དེ་ལོ་ངོ་༡༠༥༠༠་ནས་འགོ་འཛུགས་བྱུང་ཡོད་པར་ཚན་རིག་པ་ཚོས་དེ་སྔོན་ངོས་འཛིན་བྱས་ཡོད་ནའང་ཉེ་དུས་མིའི་རིགས་རྒྱུན་ལ་དཔྱད་ཞིབ་དང་། གནའ་དངོས་ཤུལ་རྫས་ལ་དཔྱད་ཞིབ་བྱས་པའི་ཞིབ་འཇུག་སྙན་ཐོའི་ནང་། མཐོ་སྒང་བོད་ཀྱི་ས་ཐོག་ཏུ་མིའི་འཚོ་གནས་ཀྱི་ཆགས་རབས་ལོ་རྒྱུས་དེ་ལོ་ངོ་༦༠༠༠༠་ལྷག་གོང་དང་། འཛམ་གླིང་ཐོག་འཁྱགས་རོམ་གྱི་དུས་སྐབས་རྗོགས་ལ་ཉེ་བའི་སྐབས་ནས་འགོ་བཙུགས་བྱུང་བའི་གནས་ཚུལ་ར་སྤྲོད་བྱུང་ཚུལ་(Scientific America)་ཞེས་པའི་ཚན་རིག་དུས་དེབ་ཀྱི་གནས་ཚུལ་བཀོད་སྤེལ་བྱས་འདུག
གོང་གསལ་ཚན་རིག་དུས་དེབ་ཀྱིས་གནས་ཚུལ་བཀོད་དོན་ལྟར་ན། རྒྱ་ནག་གི་Shanghai་ཚན་རིག་ལྟེ་གནས་ཁང་གི་སྐྱེ་དངོས་སྡེ་ཚན་ནང་། མི་འབོར་སྐྱེས་འཕེལ་སྐོར་གྱི་ཚན་རིག་པ་Shuhua Xu་ཞེས་པས་བོད་རིགས་༣༨་གྱི་རིགས་རྒྱུན་དང་། ཡང་བོད་རིགས་མ་ཡིན་པའི་མི་རིགས་གཞན་གྱི་རིགས་རྒྱུན་ལ་དཔྱད་ཞིབ་བྱས་ཏེ་བོད་ས་མཐོའི་སྟེང་འགྲོ་བ་མིའི་འཕེལ་རིམ་དང་། ཆགས་རབས་སྐོར་ཞིབ་འཇུག་བྱས་ཡོད་འདུག
རྒྱ་རིགས་ཚན་རིག་པས་ཞིབ་འཇུག་ལས་གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བའི་ནང་། བོད་མི་རིགས་ཀྱི་རིགས་རྒྱུན་དེ་མི་རིགས་གཞན་མང་པོ་ལས་ལོ་རྒྱུས་རྙིང་བ་ཡིན་པ་མ་ཟད། རིགས་རྒྱུན་གྱི་འབྱུང་དུས་ཡང་ལོ་ངོ་༡༥༠༠༠་མ་ཡིན་པར་ལོ་ངོ་༣༨༠༠༠ནས་༦༢༠༠༠་བར་འབྱུང་ཁུངས་གཏུགས་ས་ཡོད་པ་དང་། སྐབས་དེ་དུས་ནས་བོད་ས་མཐོའི་སྟེང་བོད་མིའི་འཚོ་གནས་ཡང་འགོ་འཛུགས་བྱུང་ཡོད་པ་གསལ་བཏོན་བྱུང་འདུག
གོང་གསལ་རྒྱ་རིགས་ཚན་རིག་པ་Shuhua Xu་ཡིས་བརྗོད་པ་ལྟར་ན། བོད་ས་ཐོའི་སྟེང་འགྲོ་བ་མིའི་འཚོ་གནས་འགོ་འཛུགས་ཀྱི་ཆགས་རབས་དེ་འཛམ་གླིང་ཡོངས་ལ་འཁྱགས་རོམ་ཀྱི་དུས་སྐབས་རྗོགས་ལ་ཉེ་བའི་སྐབས་དང་གཅིག་མཚུངས་འཁེལ་ཡོད་སྟབས་ བོད་མིའི་རིགས་རྒྱུན་ལ་དཔྱད་ཞིབ་དང་། བོད་ཀྱི་མིའི་ཆགས་རབས་སྐོར་གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བ་དེས་གྲང་ངར་ཅན་གྱི་གནས་གཤིས་དང་དབུགས་གཏོང་ལེན་ཁག་པའི་ཁོར་ཡུག་ནང་། འགྲོ་བ་མིའི་འཚོ་གནས་ཇི་ལྟར་ཐུབ་ཐབས་སྐོར་ཞིབ་འཇུག་གི་དགེ་མཚན་ཅི་ཆེ་ཡོད་པ་གསལ་འདོན་བྱས་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎