བཀའ་ཁྲི་གསར་པ་བློ་བཟང་སེང་གེ་ལགས་ལ་འཚམས་འདྲི།
2011.04.28
༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐབས་གསུམ་པའི་བཀའ་ཁྲིར་འོས་འདེམས་བྱུང་བ་བློ་བཟང་སེང་གེ་ལགས་སུ་འཚམས་འདྲི་གནང་ཡོད་འདུག ཕྱི་ཟླ་བཞི་པའི་ཚེས་༢༨ཉིན་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མི་མང་ནས་ཐད་ཀར་འོས་འདེམས་ཞུས་པའི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་སུ་འཚམས་འདྲི་གནང་བའི་ནང་ཁ་སང་དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་ནས་བཀའ་ཁྲི་གསར་པའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བ་ལྟར་ སྐུ་ཞབས་བློ་བཟང་སེང་གེ་ལགས་སུ་མང་མོས་མཐོ་པོའི་ཐོག་ནས་བཀའ་བློན་ཁྲི་པར་འོས་འདེམས་བྱུང་བ་དེར་ ང་དང་ངའི་ལས་རོགས་བཀའ་ཤག་གི་བཀའ་བློན་ཚང་མས་ཁོང་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་གི་ཡོད་ ད་རེས་ཀྱི་འཕོ་འགྱུར་དེ་གལ་འགནད་ཆེ་བའི་འཕོ་འགྱུར་ཞིག་གི་སྐབས་སླེབས་པར་བརྟེན་བཀའ་ཁྲི་གསར་པ་དེ་དགུང་ལོ་གཞོན་གཞོན་དང་ མཁྱེན་ཡོན་ཆེན་པོ་ ལྷག་བསམ་དང་སྙིང་སྟོབས་ཆེན་པོ་ཞིག་ལ་ཐོབ་པ་དེས་ ང་ཚོ་བློ་བདེ་པོ་དང་རེ་བ་ཆེན་པོ་བྱུང་ དེར་བརྟེན་ཁོང་གི་ལས་དོན་ཚང་མ་ལམ་ལྷོང་ཡོང་བའི་རེ་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་གནང་ཡོད་འདུག དེ་དང་འབྲེལ་ཕྱི་ཚེས་༢༨ཉིན་ཨོ་སི་ཁྲོ་རི་ཡའི་རྒྱ་རིགས་དམངས་གཙོ་ཚོགས་པ་ཁག་གསུམ་གྱི་ཐུན་མོང་ནས་ སྐུ་ཚབ་དོན་གཅོད་ལས་ཁུངས་བརྒྱུད་བློ་བཟང་སེང་གེ་ལགས་སུ་སྐབས་གསུམ་པའི་བཀའ་ཁྲི་འོས་འདེམས་ནང་རྒྱལ་ཁ་ཐོབ་པར་འཚམས་འཕྲིན་གནང་ཡོད་པ་དང་ དེའི་ནང་སྐུ་ཉིད་བཙན་བྱོལ་བོད་མི་མང་གིས་ཐད་ཀར་འོས་འདེམས་ཀྱིས་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པར་རྒྱ་ནག་དམངས་གཙོ་ཚོགས་པ་མཉམ་འབྲེལ་ལས་དོན་ལྷན་ཚོགས་ནས་འཚམས་འདྲི་བཀྲིས་བདེ་ལགས་ཞུ་རྒྱུ་ཡིན་ བཙན་བྱོལ་བོད་གཞུང་གི་དམངས་གཙོའི་འཕེལ་རིམ་དང་འོས་འདེམས་ནི་ང་ཚོ་རྒྱ་རིགས་དམངས་གཙོ་དོན་གཉེར་བས་སེམས་ཁུར་དང་སློབ་སྦྱོང་བྱེད་སའི་གལ་ཆེན་ཁ་ཤས་ཤིག་ཡིན་པ་དང་ དེར་བརྟེན་རྒྱ་ནག་དམངས་གཙོ་ཚོགས་པའི་མཉམ་འབྲེལ་ལས་དོན་ལྷན་ཚོགས་ནས་སྐབས་གསར་པའི་བཙན་བྱོལ་བོད་གཞུང་དེ་བཞིན་ སྐུ་ཉིད་ཀྱི་དབུ་ཁྲིད་འོག་སྔོན་ཆད་ལྟར་འདས་ཟིན་པའི་ལོ་ངོ་༢༠ལྷག་རིང་རྒྱ་ནག་དམངས་གཙོ་ལས་འགུལ་བ་དང་ བོད་ཀྱི་རང་དབང་ལས་འགུལ་དབར་ཕན་ཚུན་མཉམ་ལས་འབྲེལ་ལམ་ཐོག་རྒྱུན་འཛིན་ཤུགས་སྣོན་གནང་རྒྱུ་དང་ མཐར་ང་ཚོའི་ཆབ་སྲིད་ཀྱི་དགོས་དབང་འགྲུབ་རྒྱུའི་རེ་སྒུག་ཞུ་མུས་ཡིན་ཞེས་འཁོད་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་འཁོད་འདུག