བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་བོད་མིའི་འོས་འགན།
2010.08.30
༄༅༎ཁ་ས་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སྦེང་ལོར་དུ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཁུལ་དེའི་ནང་གི་བོད་མི་ཚོར་བོད་པའི་རིག་གཞུང་སྲུང་སྐྱོབ་དང་བཙན་བྱོལ་ནང་གི་བོད་མི་ཚོའི་འོས་འགན་སྐོར་བཀའ་སློབ་གནང་བཞག།
བཀའ་བློན་ཁྲི་པ་མཆོག་གིས་བོད་མི་ཚོས་ངོ་རྒོལ་སྐད་འབོད་འམ། ཡང་ན་འགྲེམས་སྟོན། དེ་བཞིན་རིག་གཞུང་འཁྲབ་སྟོན་གྱི་སྒོ་ནས་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་འབད་བརྩོན་བྱས་པ་ལས། བོད་པའི་རིག་གཞུང་གི་ཐོུང་མ་ཡིན་པའི་ཁྱད་ཆོས་་ རང་ལས་གཞན་གཅོ་ཆེར་རྩིས་ཀྱི་ཡོད་པའི་བོད་མིའི་ལེགས་བྱང་དེ་བཞིན་ཉིན་ལྟར་ལག་ལེན་དུ་འཁེལ་བ་བྱ་རྒྱུ་དེ་གལ་ཆེ་ཡིན་སྐོར་གསུང་འདུག།
གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་དང་གྲོང་ཁྱེར་སྦེང་ལོར་ནང་གི་བོད་པའི་སློབ་ཕྲུག་ཚོ་ཁག་ཅིག་གིས་བོད་དོན་གླེང་བ་ཞེས་པའི་ཚོགས་པ་གཉིས་ཟུང་སྦྲེལ་ཐོག་ནས་གོ་སྒྲིག་ཞུས་པའི་ལྷན་འཛོམས་དེའི་ཐོག་བཀའ་བློན་ཁྲི་པ་མཆོག་གིས་དུས་ཡུན་ཕྱག་ཚོད་གསུམ་མན་ཙམ་རིང་བཀའ་སློབ་གནང་ཡོད་ཅིང༌། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ བོད་དང་རྒྱ་གར་། རྒྱ་ནག་ཐེ་པའི་ཤར་ཕྱོགས་ཀྱི་རིག་གཞུང་དང་ནུབ་ཕྱོགས་ཀྱི་རིག་གཞུང་དབར་གྱི་ཁྱད་པར་འགྲེལ་བཤད་གནང་བ་དང༌འབྲེལ། ༡༩༥༩ནས་བཟུང་བོད་ནང་ཆེད་མངགས་དང་ཆེད་མངགས་མ་ཡིན་པ་གཉིས་ཀའི་ལམ་ནས་བོད་པའི་རིག་གཞུང་རྩ་མེད་འགྲོ་གི་ཡོད་པའི་ཛ་དྲག་གནས་སྟངས་ཆགས་བཞིན་ཡོད་སྟབས་༥༩རྗེས་སུ་བོད་པའི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་གནད་དོན་གལ་ཆེ་ཞིག་ཆགས་ཡོད་སྐོར་བཀའ་གནང་འདུག། དེང་སྐབས་བཙན་བྱོལ་ཁུལ་རང་དབང་ཆེ་དྲག་པའི་རྐྱེན་གྱིས་བོད་པའི་རིག་གཞུང་ཉམ་རྒུད་འགྲོ་གི་ཡོད་པ་དང༌། གཞིས་ལུས་བོད་མིའི་ཁྲོད་རྒྱ་མིའི་བཙན་ཤུགས་ཀྱི་རྐྱེན་པས་བོད་པའི་རིག་གཞུང་ཉམ་ཆགས་འགྲོ་གི་ཡོད་པའི་གནས་སྟངས་འགོག་ཐབས་སུ། བོད་མི་སྒེར་སོ་སོའི་ངོས་ནས་བོད་པའི་རིག་གཞུང་གི་ཁྱད་ཆོས་བཟང་པོ་མི་ཉམ་རྒྱུན་འཛིན་ཐུབ་ཐབས་ཀྱི་འབད་བརྩོན་ཤུགས་ཆེ་བྱ་དགོས་གལ་ཆེ་ཡིན་སྐོར་བཀའ་བློན་ཁྲི་པ་མཆོག་གིས་བཀའ་སློབ་ནན་ཏན་གནང་འདུག།