བཀའ་བློན་ཁྲི་པ་མཆོག་གིས་སུད་སི་གཞུང་ལ་ཐུགས་རྗེ་ཆེ་ཞུས།
2011.02.21
༄༅༎བཀའ་བློན་ཁྲི་པ་མཆོག་གིས་སུད་སིའི་གཞུང་དང་མི་མང་ཚོར་བོད་མི་རྣམས་ལ་ལོ་ངོ་ལྔ་བཅུའི་རིང་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་འདུག
བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་འདི་ཚེས་བཅོ་བརྒྱད་ཉིན་སུད་སིའི་ཁུལ་ཕེབས་པའི་སྐབས་སུད་བོད་མཐུན་ཚོགས་དང་། དེ་བཞིན་སུད་སིའི་གནས་སྡོད་བོད་མི་རྣམས་དང་མཇལ་འཕྲད་གནང་ཡོད་པ་མ་ཟད་སུད་བོད་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུའི་ཐོག་ལའང་དབུ་བཞུགས་གནང་ཡོད་པ་ལྟར། སྐབས་དེར་བཀའ་བློན་ཁྲི་པ་མཆོག་གིས། བོད་མི་ཚོ་བཙན་བྱོལ་དུ་འབྱོར་བའི་རྗེས་ཕྱིའི་ཡུལ་གྲུའི་ནང་ནས་བོད་མི་སྐྱབས་བཅོལ་བཞེས་མཁན་ཐོག་མ་དེ་སུད་སི་ཆགས་ཀྱི་ཡོད་པ་དང་། སུད་སིའི་ནང་གནས་སྡོད་བོད་མི་ཚོར་ད་བར་སུད་སིའི་གཞུང་དང་མི་མང་ནས་མཐུན་འགྱུར་རོགས་རམ་གནང་བ་ནི་ང་ཚོ་བོད་མི་ཚོས་ནམ་ཡང་བརྗེད་ཐབས་མེད་ལ་ད་རིང་མཇལ་འཕྲད་ཀྱི་གོ་སྐབས་འདི་བརྒྱུད་སུད་སི་གཞུང་དང་མང་ཚོགས་ལ་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ཏེ་ཐུགས་རྗེ་བཀྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་འདུག
ཡང་བཀའ་བློན་ཁྲི་པ་མཆོག་གིས་བོད་མི་ཚོ་དང་ལྷག་པར་དུ་གཞོན་སྐྱེས་ཚོར་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་དོ་སྣང་དང་སྦྱང་བརྩོན་བྱེད་དགོས་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་ལུགས་བཀའ་སློབ་གནང་ཡོད་འདུག དེ་དང་ཕྱོགས་མཚུངས་མི་མང་འདུ་འཛོམས་སར་བཀའ་བློན་ཁྲི་པ་མཆོག་གིས་བཙན་བྱོལ་བོད་གཞུང་གི་བརྒྱུད་རིམ་དང་། ད་ལྟའི་བོད་རྒྱའི་འབྲེལ་བའི་གནས་སྟངས་སོགས་ཀྱི་སྐོར་ཡང་ངོ་སྤྲོད་དང་། བཀའ་འདྲི་བཀའ་ལན་གནང་བ་སོགས་ཀྱི་གནས་ཚུལ་ཐོན་འདུག