བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་སྐུ་གཤེགས་ཡོད་འདུག

2022.07.02
བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་སྐུ་གཤེགས་ཡོད་འདུག དགེ་འདུན་པ་འཇིགས་མེད་རྒྱ་མཚོ་དང་ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་གྱི་པར།
བོད་འབྱོར།

དེ་སྔ་རྒྱ་ནག་གཞུང་གིས་ཐེངས་མང་བཛིན་བཟུང་དང་། ཕྱི་ལོ་ ༢༠༡༡ ལོར་རྒྱལ་ཁབ་ཁ་བྲལ་ཟེར་བའི་ཉེས་མིང་འོག་མི་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་བླ་བྲང་འཇིཊ་མེད་རྒྱ་མཚོའམ་བླ་བྲང་འཇིགས་མེད་མགོ་རིལ་ལགས། དེ་སྔ་བཙོན་ཁང་ནས་གཅར་རྡུང་མནར་གཅོད་ཤུགས་ཆེར་བཏང་བའི་ནད་གཞིའི་རྐྱེན་གྱིས་སྨན་ཁང་དུ་ཡུན་རིང་བསྡད་ཀྱང་ཕན་ཐོགས་གང་ཡང་མ་བྱུང་བར། དེ་རིང་ཕྱི་ཟླ་ ༧ ཚེས་ ༢ ཉིན་གྱི་བོད་ནང་གི་ཆུ་ཚོད་༡༢དང་སྐར་མ་༡༥སྟེང་། ཁོང་གི་ཕ་ཡུལ་ཕུག་སྡེའི་རང་ཁྱིམ་དུ་སྐུ་གཤེགས་ཡོད་པ། ཁོང་དང་འབྲེལ་ཐག་ཉེ་བའི་དགེ་ཕྲུག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། འཇིགས་མེད་ལགས་སུ་དེ་སྔ་བཙོན་ཁང་ནས་ཡུན་རིང་གཅར་རྡུང་མནར་གཅོད་བཏང་ཡོད་སྟབས། ཀློད་གྲོལ་བྱུང་བ་ནས་བཟུང་ནད་གཅོང་བཟོས་ཡོད་པས་ཡང་དང་ཡང་དུ་སྨན་པར་བསྟེན་གཏུག་བྱ་དགོས་བྱུང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༥ པ་ནས་བཟུང་ནད་གཞི་བསྐྱར་དུ་ཇེ་སྡུག་ཏུ་ཕྱིན་པས། ཟི་ལིང་དུ་ཡུན་རིང་སྨན་ཁང་དུ་བསྡད་ན་ཡང་ཕན་ཐོགས་བྱུང་མེད་པར་སྐུ་གཤེགས་ཡོད་པ་དང་། རྒྱ་ནག་གཞུང་གིས་གནས་ཚུལ་དེ་དང་འབྲེལ་ནས་ཁོང་གི་སྐོར་ནས་དམ་དྲག་དང་མཐའ་ན་ཁོང་གི་ཉེ་ཆར་གྱི་པར་ཞིག་ཀྱང་བསྐུར་ཐུབ་ཀྱི་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་སུ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༡ ཟླ་ ༨ ནང་འཛིན་བཟུང་ངང་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༥ ཉིན་རྒྱ་ནག་ཀན་སུའུ་ཞིང་ཆེན་ལན་ཀྲའོ་གྲོང་ཁྱེར་ནང་ཡོད་པའི་ཁྲིམས་ཁང་ཞིག་ནས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་ལྔའི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་དེ། རྗེས་སུ་ཕྱི་ལོ་༢༠༡༦ ལོའི་ཟླ་ ༡༠ བའི་ཚེས་ ༢༦ ཉིན་ལན་ཀྲོའུ་གྲོང་ཁྱེར་གྱི་(兰州大厦平监狱)བཙོན་ཁང་ནས་བཙོན་གྲོལ་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོང་ཀློད་གྲོལ་རྗེས་མུ་མཐུད་རྗེས་འདེད་དམ་དྲག་དང་། ཁོང་སྨན་ཁང་དུ་བསྟེན་གཏུག་དང་འགྲོ་སྐྱོད་སོགས་ལ་ཡུན་རིང་དམ་དྲག་བྱས་ཡོད་རྐྱེན། ནད་གཞི་དྲག་སྐྱེད་ཡག་པོ་ཞིག་བྱུང་ཐུབ་མེད་པ་རེད་འདུག

བླ་བྲང་འཇིགས་མེད་རྒྱ་མཚོ་ལགས་ནི་བླ་བྲང་དགོན་པའི་དགེ་འདུན་པ་དང༌། བླ་བྲང་དགོན་པའི་ཉེ་འདབ་ཕུག་སྡེ་ཞེས་པ་ནས་ཡིན་ཞིང༌། ཕྱི་ལོ་ ༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་ཨམ་རཱ་ཝ་ཏི་ལ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་གིས་སྩལ་བའི་དུས་འཁོར་དབང་ཆེན་ཞུས་རྗེས། ཕྱིར་ཕ་ཡུལ་དུ་ལོག་མ་ཐག་བསང་ཆུ་རྫོང་སྤྱི་བདེ་ལས་ཁུངས་སོགས་ཀྱིས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཉེས་མིང་དང་དོགས་གཞིའི་འོག་ཐེངས་བཞི་ཙམ་འཛིན་བཟུང་བཀག་ཉར་བྱས་མྱོང་ཡོད་པ་དང༌། མཐར་ཕྱི་ལོ་ ༢༠༡༡ ཟླ་ ༨ ནང་འཛིན་བཟུང་བཀག་ཉར་དང་། རྗེས་སུ་བོད་ནང་གི་ཞི་རྒོལ་སྐབས་ཁོང་གིས་བོད་ཕྱི་ལ་ཡོད་པའི་བོད་སྐད་རླུང་འཕྲིན་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཇིགས་ཞུམ་མེད་པར་བོད་ནང་གི་དཀའ་སྡུག་གནས་སྟངས་དང༌། གཞིས་ལུས་བོད་མིའི་རེ་འདུན་ངོ་མ་གསལ་བཤད་ཀྱང་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎