རྒྱ་ནག་གི་བྱ་སྤྱོད་ལ་བོད་མིས་ངོ་རྒོལ།
2013.01.25
༄༅། །གནས་ཚུལ་ཐོན་ཁུངས་ལ་གཞིགས་ན། འདི་ཟླའི་ཚེས་༡༩ཉིན་ཁམས་ཡུལ་ཤུལ་ཁུལ་ནང་ཆེན་ལྕི་ཉིན་སྲིབ་ཤོག་གི་ས་ཁུལ་ལ་རྒྱ་ནག་གཞུང་གིས་ས་གནས་བོད་མི་མང་ཚོགས་ལ་” རྩྭ་ས་སྐྱོབ་རིན་” ཡིན་ཞེས་ལག་དངུལ་ཕྲན་བུ་རེ་སྤྲད་ནས་ རང་གི་ཕ་མེས་ནས་དབང་བའི་རིན་ཐང་བྲལ་བའི་རྩྭ་ས་ཁག་གཞུང་བཞེས་གཏོང་ཐབས་བྱས་པའི་སྐབས་ལ་གོང་གྲོང་བརྒྱད་ཀྱི་ཡུལ་མི་ཚོས་ “ རྩྭ་སའི་རིན་པ་མི་བཟའ་” ཞེས་དམ་བཅའ་བཞག་སྟེ་ངོ་རྒོལ་བྱས་ཡོད་པ་རེད། རྒྱུ་མཚན་དེར་བརྟེན་རྒྱ་ནག་གཞུང་གིས་རང་ལོ་༣༠ནང་ཡིན་པའི་དགའ་ཆོས་ཞུ་བའི་བོད་རིགས་ན་གཞོན་ཞིག་འཛིན་བཟུང་གིས་སློབ་གསོ་སྤྲོད་ཀྱི་ཡིན་ཞེས་བཙན་ཁྲིད་བྱས་ཡོད་པ་དང་། ཕྱི་ཚེས་༢༣ ཉིན་གོང་གྲོང་བརྒྱད་ཀྱི་དུད་མི་རེ་རེ་བཞིན་ནང་ཆེན་རྫོང་གི་སྤྱི་བདེ་ལས་ཁུངས་ཀྱི་སྒོ་ཁར་འདུ་འཛོམས་ཀྱིས་དགའ་ཆོས་གློད་བཀྲོལ་དགོས་པ་དང་། བོད་མིའི་རྩྭ་ས་གཞུང་བཞེས་གཏོང་རྒྱུའི་བཙན་གནོན་ལ་ངོ་རྒོལ་ཡོད་པའི་སྐད་འབོད་བྱས་ཡོད་པའི་སྐོར་གནས་ཚུལ་ཐོན་ཡོད་པ་དང་། ད་ལྟ་གནས་ཚུལ་འདིའི་འགྱུར་འགྲོའི་ཐད་མུ་མཐུད་རྒྱུས་ལོན་ཐུབ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།།