དབྱིན་ཡུལ་དུ་བོད་ཕྲུག་གཉིས་ལ་བྱ་དགའ།
2011.06.24
༄༅༎དབྱིན་ཇིའི་རྒྱལ་ས་ལོན་ཊོན་གྱི་མཐོ་རིམ་སློབ་གྲའི་བོད་པའི་སློབ་མ་གཉིས་ལ་༢༠༡༠ལོའི་མཐོ་སློབ་མཐར་སོན་པའི་མཉམ་དུ་སྦྱང་འབྲས་ལེགས་ཤོས་ཀྱི་ལག་འཁྱེར་དང་བྱ་དགའ་ཐོབ་ཡོད་པ་རེད།
བུ་བསྟན་འཛིན་རང་འགྲོལ་ལགས་ནི་རྒྱ་གར་ནས་དབྱིན་ཡུལ་དུ་སློབ་སྦྱོང་བསྐྱོད་རྒྱུའི་སློབ་ཡོན་གྱི་གོ་སྐབས་ཐོབ་ཏེ།༢༠༠༧ ནས་རྒྱལ་ས་ལོན་ཊོན་གྱི་གཙུག་ལག་སློབ་གྲའི་ནང་འཛུལ་ཞུགས་ཀྱིས་མཐོ་རིམ་འགྲིམས་ཞིང༌། མཐོ་རིམ་སློབ་གྲ་དེའི་ནང་འཛུལ་ཞུགས་མ་བྱས་གོང་ལ། ༢༠༠༦ ལོར་རྒྱ་གར་དུ་བོད་པའི་སློབ་གྲ་ཡོངས་ཀྱི་ནང་ནས་ཚན་རིག་སྦྱང་འབྲས་ལེགས་ཤོས་ཡིན་པའི་བྱ་དགའ་དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་ཐོབ་མྱོང་ཡོད་པ་རེད། ཁོང་ད་རེས་དབྱིན་ཇིའི་ལོན་ཊོན་མཐོ་རིམ་ལག་སློབ་གྲ་ནས་སློབ་སྦྱོང་མཐར་སོན་བྱུང་བ་དང་མཉམ་དུ་ཀམ་པིའུ་ཀྲར་དང་ཨང་རྩིས་གཉིས་ལ་སྦྱང་འབྲས་ཨང་རིམ་དང་པོའི་ལག་འཁྱེར་ཐོབ་པ་མ་ཟད། མཐོ་རིམ་སློབ་གྲའི་སློབ་ཕྲུག་རྩེར་ཕུད་ཉི་ཤུའི་ནང་ནས་ལེགས་ཤོས་ཀྱི་བྱ་དགའ་ཨང་དང་པོ་དེ་ཡང་ཐོབ་ཡོད་ཅིང༌། ཁོང་གིས་ད་དུང་ཡང་མཐོ་རིམ་སློབ་གྲ་དེའི་ནང་དུ་ཨང་རྩིས་ཐོག་མུ་མཐུད་སློབ་སྦྱོང་བྱས་ཏེ་རབ་འབྱམས་པའི་ལག་འཁྱེར་ཐོབ་ཐབས་འབད་བརྩོན་བྱེད་བཞིན་ཡོད་པ་རེད།
དྭགས་པོ་བསྟན་འཛིན་སྒྲོལ་མ་ལགས་ཀྱང་རྒྱ་གར་ནས་དབྱིན་ཡུལ་དུ་མཐོ་རིམ་སློབ་གྲར་བསྐྱོད་རྒྱུར་སློབ་ཡོན་གྱི་གོ་སྐབས་ཐོབ་པ་བཞིན། ༢༠༠༧ ལོར་རྒྱལ་ས་ལོན་ཊོན་མཐོ་རིམ་སློབ་གྲའི་ནང་འཛུལ་ཞུགས་བྱས་པ་ཞིག་ཡིན་ཞིང༌། ཁོང་ཡང་བཞུགས་སྒར་རྡ་རམ་ས་ལའི་བོད་ཕྲུག་ཁྱིམ་སྡེའི་སློབ་མ་ཡིན་པ་དང༌། ༢༠༠༧ ལོར་རྒྱ་གར་ནང་དུ་ཡོད་པའི་བོད་ཕྲུག་ཁྱིམ་སྡེའི་སློབ་གྲ་ཡོངས་རྫོགས་ཀྱི་སློབ་མའི་ནང་ནས་ཚན་རིག་སློབ་ཚན་སྦྱང་འབྲས་ཨང་དང་པོ་ཐོབ་པ་དང༌། ད་རེས་ལོན་ཊོན་མཐོ་རིམ་སློབ་གྲ་ནས་ཚནརིག་སློབ་ཚན་ཐོག་སྦྱང་འབྲས་ཨང་དང་པོའི་ལག་འཁྱེར་ཐོབ་པ་མ་ཟད། སློབ་ཚན་དེའི་ཐོག་ནས་ལོན་ཊོན་མཐོ་རིམ་སློབ་གྲ་དང་དབྱིན་ཡུལ་ནང་གི་ཚན་རིག་སློབ་གཉེར་ཁང་གི་བྱ་དགའ་ཡང་ཐོབ་ཡོད་པ་རེད། ད་ལྟ་ཁོང་ཨོ་སི་ཀྲོ་ལི་ཡར་ཨོ་སི་ཀྲོ་ལི་ཡའི་རྒྱལ་ཡོངས་མཐོ་རིམ་སློབ་གྲའི་ནང་ཚན་རིག་སློབ་ཚན་ཐོག་རབ་འབྱམས་པའི་སྦྱང་འབྲས་ཐོབ་པའི་འབད་བརྩོན་གནང་བཞིན་ཡོད་པ་རེད།