བོད་ནང་ཚབ་ཁྲིད་དགེ་རྒན་ཚོས་ཞུ་གཏུཊ་ཆེད་གོམ་བགྲོད་བྱས་འདུག
2014.05.08

རེབ་གོང་ཕྱོགས་ཀྱི་ཚབ་ཁྲིད་དགེ་རྒན་ཚོས་ཞིང་ཆེན་སྲིད་གཞུང་ལ་ཞུ་གཏུཊ་ཆེད་ཟི་ལིང་བར་གོམ་བགྲོད་བྱས་ཀྱང་ལམ་བར་ནས་བཀག་འདུག
དེ་ཡང་བོད་ནས་གནས་ཚུལ་འབྱོར་དོན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་རྫོང་ཁོངས་ཀྱི་ཚབ་ཁྲིད་དགེ་རྒན་༡༦༠་ལྷག་གིས་ད་བར་རྫོང་དང་ཁུལ་རིམ་པར་ཟླ་ཕོགས་ཐོབ་ཐང་འཕར་དགོས་པ་སོགས་ཀྱི་ཞུ་གཏུགས་བྱས་བ་དོན་འབྲས་གང་ཡང་མ་བྱུང་སྟབས། ཚེས་༧ཉིན་ཚབ་ཁྲིད་རྣམས་བསྐྱར་དུ་འཛོམས་ནས་ཞིང་ཆེན་སྲིད་གཞུང་དང་འགོ་ཁྲིད་ལ་ཞུ་གཏུགས་ཆེད་རེབ་གོང་ནས་ཟི་ལིང་བར་གོམ་བགྲོད་བྱེད་རྒྱུ་བྱས་ནས་རྐད་ཐང་ལ་བསྐྱོད་ཐབས་བྱས་ཡོད་ཀྱང་ལམ་བར་ནས་བཀག་འདུག དེའི་ཐད་ས་གནས་བོད་མི་ཞིག་གིས་བརྗོད་དོན། ཉེ་བའི་ཟླ་༤པའི་ཚེས་༣༠ཉིན་ཁོས་ཚོས་ཞུ་འབོད་ལས་འགུལ་སྤེལ་སྐབས་ལས་བྱེད་ངོ་མ་མ་ཡིན་པའི་ཚབ་ཁྲིད་དགེ་རྒན་དང་། ལས་ཀ་བའི་བདེ་སྡུག་ལ་གཟིགས་རྟོགས་གནང་དགོས་པ་དང་། གླ་ཕོགས་སྤར་ནས་ཐོབ་ཐང་ཁག་སྤྱི་མཚུངས་སྤྲོད་དགོས་པ་སོགས་ཀྱི་དགོས་འདུན་བཏོན་པར་བདག་སྤྲོད་མ་བྱས་པར་བརྟེན་ད་ཐེངས་ཞིང་ཆེན་རིམ་པར་ཞུ་གཏུགས་ཆེད་བསྐྱོད་པ་རེད། འོན་ཀྱང་ཁོང་ཚོ་དགུ་རོང་ཁོག་ཏུ་སླེབས་སྐབས་རྫོང་གི་འབྲེལ་ཡོད་མི་སྣ་ཡོང་ནས་གོམ་བགྲོད་པ་རྣམས་བཀག་པ་དང་། ཁོང་ཚོའི་དགོས་འདུན་རྣམས་ལག་བསྟར་ཡོང་ཐབས་བྱ་རྒྱུ་བྱས་སྟབས་གོམ་བགྲོད་མཚམས་འཇོག་གིས་ཕྱིར་ལོག་གནང་ཡོད་པ་དང་། ཁོང་ཚོའི་ཁྲོད་སློབ་ཆེན་མཐར་ཕྱིན་ཡང་ལས་ཀ་རག་མེད་པའི་ཚབ་ཁྲིད་དགེ་རྒན་མང་པོ་ཡོད་པ་ངོ་སྤྲོད་བྱས་བྱུང་།
གནས་ཚུལ་ལྟར་ན། རེབ་གོང་ས་ཁུལ་གྱི་ཚབ་ཁྲིད་དགེ་རྒན་དང་ལས་ཀ་བས་འདས་པའི་ལོ་ངོ་བཅུ་ཕྲག་ཙམ་གྱི་རིང་ཟླ་རེར་གླ་ཕོགས་རྒྱ་སྒོར་༥༠༠ནས་༡༠༠༠ཙམ་ལས་མེད་ཀྱང་ཕྱག་ལས་གནང་པའི་རིང་རིམ་བཞིན་ལས་བྱེད་ངོ་མར་འགྱུར་རྒྱུའི་རེ་བ་བྱས་ཀྱང་། ཁོང་རྣམས་ཀྱི་གླ་ཕོགས་སྤར་རྒྱུའི་ཚབ་ལ་ད་དུང་ཐོབ་ཐང་གཞན་ཁག་ཀྱང་སྤྲོད་ཀྱི་མེད་པ་དང་། ལས་ཁུངས་ཁ་ཤས་ཀྱིས་ཁོང་ཚོ་གཡོག་པོ་ནང་བཞིན་བཀོལ་སྤྱོད་བྱས་ཏེ་ཐ་ན་རང་གི་ཉིན་རེའི་འཚོ་བར་ཡང་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།
འོན་ཀྱང་རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གིས་ལོ་སྔོན་མར་བཏོན་པའི་མི་ཤུགས་ཐོན་ཁུངས་ཀྱི་རྒྱབ་ཤ་སྔོན་པོའི་དེབ་ནང་། ཉེ་བའི་ལོ་ཤས་རིང་ས་གནས་ཁག་གི་སྲིད་གཞུང་སྡེ་ཁག་ནས་ཀྱང་མ་མཐའི་གླ་ཕོགས་ཚད་གཞི་ཐེངས་མང་མཐོ་རུ་བཏང་ཡོད་པ་རེད། སྤྱི་ལོ༢༠༡༣ལོའི་ཟླ༧པའི་བར། རྒྱལ་ཡོངས་སུ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས༡༨ཀྱིས་སྔ་རྗེས་སུ་མ་མཐའི་གླ་ཕོགས་ཚད་གཞི་མཐོ་རུ་བཏང་ཡོད་པ་དང་ཧྲང་ཧེའི་ཡི་ཟླ་རེའི་མ་མཐའི་གླ་ཕོགས་གི་ཚད་གཞི་སྒོར༡༦༢༠ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་སོགས་འཁོད་འདུག
གསར་འགོད་པ་ཀླུ་འབུམ།
ཞུ་གཏུགས་ལས་འགུལ་སྐབས་ཀྱི་བརྙན་ཐུང་བོད་ནས་འབྱོར་བ།