ཐེ་དབན་ནང་བོད་དོན་རྒྱབ་སྐྱོར་བ་ཚོས་ཁྲོམ་སྐོར་སྐད་འབོད་གནང་བ།


2016.03.05
ཐེ་དབན་ནང་བོད་དོན་རྒྱབ་སྐྱོར་བ་ཚོས་ཁྲོམ་སྐོར་སྐད་འབོད་གནང་བ། ཐེ་དབན་གྱི་སྟོབས་ཤུགས་གསར་པ་ཞེས་པའི་ཚོགས་པ་དེའི་ཐེ་དབན་ཁྲིམས་འཛུགས་ལྷན་ཁང་གི་ཚོགས་མི་ལིང་གྲངས་རྫོའི་ནས་གསུང་བཤད་གནང་བ།
ལིང་གྲངས་རྫོའི།

༄༅། །བོད་མིའི་རང་དབང་སྒེར་ལངས་ཀྱི་གསུམ་བཅུའི་དུས་དྲན་ཉི་མོ་དེ་རན་ལ་ཉེ་བའི་སྐབས་དེར། ཐེ་དབན་གྱི་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་རང་དབང་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཆེད་དུ་ཁྲོམ་སྐོར་སྐད་འབོད་གནང་འདུག
དེའང་ཁ་ས་རེས་གཟའ་སྤེན་པའི་ཉིན། ཐེ་དབན་གྱི་དམངས་ཁྲོད་ཚོགས་པ་ཉི་ཤུ་ལྷག་ཙམ་གྱི་ཚོགས་མི་དང་། དེ་བཞིན་ཐེ་དབན་ཁྲིམས་འཛུགས་ལྷན་ཁང་གི་ཚོགས་མི་བཅས་ཚུད་པའི་བོད་དོན་རྒྱབ་སྐྱོར་བ་མི་གྲངས་༢༠༠ལྷག་ཙམ་ཞིག་ཐལ་སྦལ་གྲོང་ཁྱེར་གྱི་ཀྲུང་ཤའོ་ཁྲོམ་གཞུང་དུ་ཡོད་པའི་ཚོང་ཁང་ཆེན་པོ་ཞིག་གི་མདུན་འདུ་འཛོམས་གནང་ཞིང་། འདུ་འཛོམས་ཐོག་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་མཁན་མང་པོ་བྱུང་ཡོད་པའི་ཁྲོད། ཐེ་དབན་གྱི་སྟོབས་ཤུགས་གསར་པ་ཞེས་པའི་ཚོགས་པ་དེའི་ཐེ་དབན་ཁྲིམས་འཛུགས་ལྷན་ཁང་གི་ཚོགས་མི་ལིང་གྲངས་རྫོའི་ནས་གསུང་བཤད་གནང་སྐབས། ད་ཡོད་ཐེ་དབན་སྲིད་འཛིན་མའ་དབྱིང་ཅུའུ་དང་། དེ་བཞིན་ཉེ་ལམ་གསར་དུ་འདེམས་ཐོན་བྱུང་བའི་སྲིད་འཛིན་གསར་པ་ཚལ་དབྱིང་ཝན་བཅས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེ་དབན་དུ་ཆིབས་བསྒྱུར་བསྐྱང་གནང་བཅུགས་དགོས་པའི་འབོད་སྐུལ་ཞུས་གནང་བ་མ་ཟད་། ད་དུང་ལིང་གྲངས་རྫོའི་ནས་། སྲིད་འཛིན་མའ་དབྱིང་ཅུས་ཐེ་དབན་མཚོ་ཁའི་ཕྱོགས་གཉིས་དབར་གྱི་འབྲེལ་བ་དེ་ད་ཆ་ལས་ལྷག་པ་ཞིག་བྱུང་མྱོང་མེད་པར་ཐེངས་མང་གསུངས་ཡོད་པས་། ངས་བྱས་ན་༧གོང་ས་ཏ་ལའི་བླ་མ་མཆོག་ཐེ་དབན་ལ་ཆིབས་བསྒྱུར་བསྐྱང་བཅུགས་རྒྱུར་དེ་ལས་བཟང་བའི་དུས་ཚོད་གཞན་ཞིག་བསམ་བློར་འཆར་ཐུབ་ཀྱི་མི་འདུག་ཅེས་གསུངས་ཡོད་པ་དང་། ཡང་དམངས་གཙོ་ཡར་ཐོན་ཚོགས་པའི་ཐེ་དབན་ཁྲིམས་འཛུགས་ལྷན་ཁང་གི་ཚོགས་མི་ཚལ་གཡིས་ཡུལ་ནས་། བོད་ཀྱི་གནས་སྟངས་དེ་མ་འོངས་ཐེ་དབན་ལ་ཡོང་སྲིད་པའི་ཉེན་བརྡ་ཞིག་ཏུ་ངེས་པར་དུ་བརྩི་དགོས་པ་དང་། ད་དུང་ཐེ་དབན་སྲིད་འཛིན་ལྷན་ཁང་ནས་བོད་སོག་ལས་ཁུངས་ནུས་མེད་བཟོས་ཏེ་བོད་དོན་ཐོག་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་ཞུ་དགོས་པའི་རེ་འདུན་ཡང་བཏོན་གནང་འདུག་ལ་། དེ་ནས་འདུ་འཛོམས་གསུངས་བཤད་གནང་གྲུབ་རྗེས་། བོད་དོན་རྒྱབ་སྐྱོར་བ་ཚོས་ཐལ་སྦལ་གྲོང་ཁྱེར་གྱི་གཅིག་ཀླད་ཀོར་གཅིག་ཅེས་པའི་ཐོགས་བརྩེགས་བརྒྱ་ལྷག་ཡོད་པའི་ཁང་ཆེན་དེའི་ཕྱོགས་སུ་ཕེབས་ཏེ། རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་བ་ཚོར་བོད་དོན་བརྒྱུད་བསྒྲགས་གནང་ཡོད་པ་རེད་འདུག།

གསར་འགོད་པ་ཀུན་བཟང་རིག་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎