པདྨ་བཟང་པོ་ལགས་ལ་དྭགས་ས་གནས་ཁྲིམས་ཞིབ་པར་བསྐོ་བཞག་གནང་འདུག
འདི་ཚེས་༢༥་ཉིན་གྱི་སྔ་དྲོར་པདྨ་བཟང་པོ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་ལགས་ཀྱི་མདུན་ནས། ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་པའི་ལས་འཁུར་དམ་འབུལ་གནང་སོང་། སྐབས་དེར་པདྨ་བཟང་པོ་ལགས་ཀྱིས་གསར་འགོད་པ་ཚོར། མ་འོངས་པར་ས་གནས་ཁྲིམས་ཞིབ་པའི་ལས་དོན་རྣམས་དམ་འབུལ་གྱི་ཚིག་འབྲུའི་ནང་དོན་དང་། གཙོ་བོ་བཅའ་ཁྲིམས་དོན་ཚན་༦༧་གྱི་དགོངས་དོན་དང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་འབེབས་གནང་བའི་ཁྲིམས་སྒྲིག་གཞི་རྩར་བཟུང་བའི་ཐོག ས་གནས་ཁྲིམས་ཞིབ་པའི་ཁྲིམས་དོན་དང་འཛིན་སྐྱོང་གི་ལས་དོན་རྣམས་དྲང་བདེན་གྱི་ཐོག་ནས་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་བྱུང་།
ད་ལྟ་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བསྒྲུབ་མུས་ཡིན་པ་དང་། མ་འོངས་པར་ལ་དྭགས་ས་གནས་ཁྲིམས་ཁང་དུ་ཁྲིམས་ལུགས་རིག་པའི་སློབ་སྦྱོང་ཐོན་པའི་ཁྲིམས་ཞིབ་པ་ཞིག་མ་བྱུང་བར་ལས་འཁུར་ཞུ་རྒྱུ་ཡིན་འདུག
དྲུང་ལས་པདྨ་བཟང་པོ་ནི་ལ་དྭགས་བྱང་ཐང་ཧན་ལེར་སྐྱེས་ཤིང་། སན་ཊི་ཇོ་སེ་ཧྥི་མཐོ་སློབ་(St. Joseph College)་ནས་ཚོང་རིག་ཐོག་སློབ་སྦྱོང་གནང་སྟེ་སྤྱི་ལོ་༢༠༡༣་ལོར་ལ་དྭགས་ས་གནས་ཁྲིམས་ཁང་དུ་ཁྲིམས་དྲུང་དང་རྩིས་པ་གཅིག་ལྕོགས་སུ་བསྐོ་བཞག་གནང་འདུག སྤྱི་ལོ་༢༠༢༡་ལོའི་ཟླ་༥་བའི་ཚེས་༡་ཉིན་ནས་བཟུང་ཟུང་དྲུང་དུ་གནས་སྤར་གྱིས་ནང་སྲིད་ལས་ཁུངས་སུ་ཕྱག་ལས་གནང་ཡོད་པ་དང་། སྤྱི་ཟླ་༧་ཚེས་༡་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཟུང་དྲུང་དུ་གནས་སྤོས་བཅས་ཁྱོན་ལོ་༨་རིང་བོད་མིའི་སྒྲིག་འཛུགས་ནང་སྲི་ཞུ་བསྒྲུབས་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་དང་བྱང་ཕྱོགས་གཉིས་སུ་ས་གནས་བོད་མིའི་ཁྲིམས་ཞིབ་ཁང་དེ་སྔ་ནས་ཟུར་འཛུགས་གནང་ཡོད་པ་བཞིན། རྒྱ་གར་བྱང་ཕྱོགས་ལ་དྭགས་ལྕག་ལམ་སར་བསོད་ནམས་གླིང་གཞིས་ཆགས་དང་། སྡེ་ར་རྡུན་བདེ་སྐྱིད་གླེང་བཅས་སོ་སོའི་ནང་ས་གནས་ཁྲིམས་ཞིབ་པ་བསྐོ་བཞག་གནང་སྲོལ་ཡོད་པ་རེད་ལ། འདི་ལོའི་ལོ་འགོར་རྒྱ་གར་ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་པས་ཀྱང་དམ་འབུལ་ཞུས་གནང་ཡོད་པ་རེད།
ལ་དྭགས་ས་གནས་ཁྲིམས་ཞིབ་ཁང་དེ་ནི་སྤྱི་ལོ་༢༠༡༢་ཟླ་༨་པའི་ཚེས་༡༣་ཉིན་གསར་འཛུགས་གནང་པ་དང་། དེའི་ཁྱབ་ཁོངས་སུ་ཇ་མུ་ཀ་ཤི་མིར་མངའ་ཁུལ་དུ་གནས་སྡོད་བོད་མི་དང་ལ་སྤྱིའི་ཁྱབ་ཁོངས་ཀྱི་བོད་མི་བཅས་ཚུད་ཀྱི་ཡོད་འདུག
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།