ལྡི་ལིར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་མཆོང་རྒྱུག་སྐད་འབོད་དང་འཛིན་བཟུང་།


2020.03.10
ལྡི་ལིར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་མཆོང་རྒྱུག་སྐད་འབོད་ལས་འགུལ་སྐབས། ༢༠༢༠།༣།༡༠ ལྡི་ལིར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་མཆོང་རྒྱུག་སྐད་འབོད་ལས་འགུལ་སྐབས། ༢༠༢༠།༣།༡༠
Reuters

རྒྱ་གར་རྡ་རམ་ས་ལ་གཙོས་བོད་མི་གནས་ཡུལ་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྣམ་པ་འདྲ་མིན་ཐོག་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༡ ་སྲུང་བརྩི་ཞུས་འདུག
ལོ་ལྟར་ཕྱི་ཟླ་གསུམ་པའི་ཚེས་༡༠་ཉིན་འཛམ་གླིང་གི་ས་ཕྱོགས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། འདི་ཚེས་༡༠་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་གཞོན་སྐྱེས་ལས་འགུལ་བ་ཁག་ཅིག་གིས་མཆོངས་རྒྱུག་གིས་ལག་ལ་བོད་ཀྱི་རྒྱལ་དར་བཟུང་ནས་རྒྱ་ནག་གཞུང་གིས་མི་ལོ་༦༡་རིང་བོད་ས་བཙན་བཟུང་བྱས་པར་ངོ་རྒོལ་དང་། བོད་རང་བཙན་གཙང་མ་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ང་ཚོར་རང་དབང་དགོས་ལ་སོགས་པའི་སྐད་འབོད་བྱས་སྐབས། རྒྱ་གར་ཉེན་རྟོག་པས་བོད་མི་ལས་འགུལ་བ་༡༡་འཛིན་བཟུང་བྱས་ཏེ་(Chanakyapuri)་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་བློ་བཟང་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་། ཡིན་ཡང་རྗེས་སུ་གཞོན་ནུའི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་མཆོང་རྒྱུག་སྐད་འབོད་ཀྱི་ལས་འགུལ་སྤེལ་སྐབས་ཉེན་རྟོག་པས་འཛིན་ཟུང་བྱས་བའི་ལས་འགུལ་བ་ཚང་མ་ཆུ་ཚོད་ཁ་ཤས་ལ་བཀག་ཉར་རྗེས་གློད་གྲོལ་བཏང་བ་འགྲེལ་བརྗོད་གནང་བྱུང་།
ཡང་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་གཞུང་དམངས་གཉིས་ཀྱིས་གཞུང་འབྲེལ་གྱི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༡ ་སྲུང་བརྩི་གནང་སྐབས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་། གདུང་སེམས་མཉམ་སྐྱེད་ཞུས་གནང་པ་དང་སྦྲགས།  རྒྱ་ནག་གཞུང་གི་བོད་ཀྱི་གནད་དོན་རང་བཞིན་གྱིས་ཡལ་འགྲོ་བའི་རྩིས་རྒྱག་བཞིན་པ་ནི་ནོར་འཁྲུལ་ཡིན་པ་དང་། ང་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་བོད་མི་རིགས་ནམ་གནས་བར་དུ་བོད་ཀྱི་བདེན་དོན་འཐབ་རྩོད་མུ་མཐུད་གནས་རྒྱུ་ཡིན་པའི་བརྡ་ལན་གསལ་པོ་སྤྲོད་ཀྱི་ཡོད་ཅེས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་སྐབས་གསུངས་ཡོད་པ་རེད།
ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། རྒྱ་ནག་གཞུང་གིས་བོད་རྒྱ་ཁོངས་ཡིན་པའི་འཁྱོག་གཏམ་ལན་མང་སྤེལ་བ་ལྟར། ཉེ་ཆར་ཡང་ཏོག་དབྱིབས་ནད་ཡམས་གསར་བ་ཕོག་པའི་གྲངས་ཀ་དང་། རྐྱེན་འདས་སོང་བའི་གྲངས་འབོར་བཅས་དངོས་ཡོད་གནས་ཚུལ་རྒྱལ་སྤྱིའི་མིག་ལམ་ནས་འགེབས་སྦས་བྱེད་རྒྱུའི་ངན་གོམས་ཤིག་རྒྱ་དམར་གཞུང་གི་དཔོན་རིགས་རྣམས་ལ་རྒྱུན་འཇགས་སུ་ཡོད་པ་ཀུན་གྱི་མཁྱེན་གསལ་ཡིན་པ་གསུངས་པ་དང་། ཁོང་གིས་བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་ཆ་མིན་པར་རྒྱལ་ཁབ་ཐ་དད་ཡིན་པ་གསུངས་ཤིང་། རྒྱ་ནག་གཙོ་བོར་འགྱུར་བའི་འཛམ་གླིང་ཡོངས་ལ་ཞི་བདེ་ལྷིང་འཇགས་ཡོང་ཆེད་རྒྱ་ནག་གཞུང་གིས་གུ་ཡངས་ཀྱི་སྲིད་བྱུས་འཛིན་དགོས་བའི་སྐུལ་མ་གནང་སོང་།
ད་རེས་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་གཙོ་བོར། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཞབས་(Frantisek Kopriva)་ལགས་དང་། གྲོས་ཚོགས་འཐུས་མིའི་ཁོར་ཡུག་ཚོགས་ཆུང་གི་ཚོགས་གཙོ་(Dana Balcarova)་ལགས་གཉིས་ཕེབས་ནས། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་ཀྱི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་གནང་ཡོད་པ་རེད།
གཞུང་འབྲེལ་མཛད་སྒོ་ཚར་པའི་རྗེས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བེུད་ལྷན་ཚོགས། རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོགབོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ཀྱི་རྒྱལ་དར་འཕྱར་བ་དང་། འབོད་ཚིག་འདྲ་མིན་སྒྲོག་བཞིན་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཉེ་འགྲམ་གྱི་མདུན་ཐང་བར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
དེ་བཞིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༡་པ་དང་བསྟུན། ཨ་རིའི་གྲོས་ཚོགས་འོག་མའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དང་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ཚོགས་ཆུང་གི་ཚོགས་གཙོ་འཐུས་མི་སྐུ་ཞབས་(Jim McGovern)་མཆོག་གིས་ཡིག་ཐོག་ནས་གསུང་འཕྲིན་ཞིག་སྤེལ་གནང་ཡོད་པ་དེའི་ནང་། རྒྱ་ནག་ནང་གི་བོད་མིའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ། ས་གཞི་དང་ཆུ་བོ་བདག་གཅེས། རྒྱལ་ཁབ་ཀྱི་ཕྱི་ནང་དུ་རང་དབང་སྒོ་ནས་འགྲུལ་བཞུད་ཆོག་པ་དང་། ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་སྒྲུག་དང་ཆོས་དད་རང་དབང་ཉམས་ལེན་བྱེད་རྒྱུ་ཐེ་བའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་ཐོབ་ཐབས་སུ་འཛམ་གླིང་གང་སར་ཡོད་པའི་བོད་མིའི་འཐབ་རྩོད་ཐད་བོད་མི་ཚོ་དང་གདུང་སེམས་མཉམ་སྐྱེད་ཡོད་པ་གསུངས་ཡོད་ལ། ཁོང་གི་ངོས་ནས་བོད་དོན་ཐད་མུ་འཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད། ད་དུང་སྐུ་ཞབས་ཇིམ་མེཀ་གྷོ་ཝཱརན་གྱི་གསུང་འཕྲིན་དེའི་ནང་ཀུན་གཟིགས་པཎ་ང་ཚོས་མུ་མཐུད་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་ཆེད་མུ་འཐུད་དགོས་འདུན་བཏོན་དགོས་པ་དང་ བོད་མི་བཙོན་པ་རྣམས་གློད་བཀྲོལ་གྱི་བདེ་འཇགས་མ་སྐྲུན་བར་སུ་ཞིག་གིས་ཀྱང་ལྷོད་སྡོད་མི་རུང་བ་གསུངས་འདུག
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༡ ་པ་ཨའོསི་ཊརེ་ལི་ཡ་ནས་ཐེ་ཝན་དང་། རྒྱ་གར་ནས་ཡོ་རོབ་ཤར་ནུབ། ཨ་མི་རི་ཀ་དང་ཀེ་ན་ཌ་སོགས་ཀྱི་ནང་རྣམ་པ་མི་འདྲ་བའི་ཐོག་ནས་སྲུང་བརྩི་ཞུས་ཤིང་། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བོད་རིགས་སྤྱི་མཐུན་ཚོགས་པས་འགན་འཁུར་རྐང་བཞེས་ཀྱི་རྒྱ་ནག་གཞུང་ཚབ་མདུན་དང་དེ་ནས་མི་ཚོགས་འདུ་འཛོམས་ཆེ་ས་ཌཱུ་པཱོན་སར་ཀཱལ་བར་གོམས་བགྲོད་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
ཡང་འདི་ག་རླུང་འཕྲིན་ཁང་དུ་བལ་ཡུལ་ནས་གནས་ཚུལ་འབྱོར་བ་ལྟར་ན། བལ་ཡུལ་ནང་ཚེས་༡༠་ཉིན། བལ་ཡུལ་གཞུང་གིས་བོད་མི་གནས་སྡོད་བྱེད་ཡུལ་མཆོད་འཇོར་དང་། འཇོ་ལ་ཁེལ། འཕགས་ཤིང་། རྒྱལ་ས་བཅས་ས་གནས་གང་སར་སྒྲིག་ཆས་གྱོན་མེད་པའི་གསང་བའི་མི་སྣ་དང་། ཉེན་རྟོག་དམག་མི་སོགས་གང་མང་དཀྲམ་ནས་བོད་མི་ཚོའི་འགྲོ་སྡོད་བྱ་སྤྱོད་ཐོག་དམ་དྲག་བྱས་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་ཚབ་ཁང་གི་མདུན་སྐོར་སྲུང་བྱས་ནས་ངོ་རྒོལ་ལས་འགུལ་རིགས་འགོག་ཐབས་བྱས་བ་བཅས་ལ་བརྟེན་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱས་ཐུབ་མེད་པ་རེད། དེ་བཞིན་རྒྱ་ནག་གི་གནོན་ཤུགས་འོག་བལ་ཡུལ་གཞུང་གིས་བོད་མི་ཚོས་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱེད་རྒྱུར་ཆོག་མཆན་སྤྲད་མེད་པར་བརྟེན། བལ་ཡུལ་བོད་མིའི་བདེ་དོན་ལས་ཁང་ནས་ཚེས་༦་ཉིན། བོད་མི་ཚོས་གནས་ཡུལ་རྒྱལ་ཁབ་ཀྱི་གནས་སྟངས་དང་བསྟུན་ངོ་རྒོལ་ལས་འགུལ་རིགས་སྤེལ་མི་གནང་བའི་འབོད་སྐུལ་གསལ་བསྒྲགས་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎