བོད་ཀྱི་གཙང་ཆུ་ནི་རྒྱ་གར་གྱི་མདུན་ལམ་དང་འབྲེལ་བ།
2011.11.15
༄༅༎བོད་ནས་རྒྱུགས་པའི་གཙང་ཆུ་ཁག་ནི་རྒྱ་གར་གྱི་མ་འོངས་པའི་མདུན་ལམ་གྱི་འགག་རྩ་ཞིག་ཡིན་པ་ རྒྱ་གར་ནང་བཅའ་ཞུགས་རྒྱལ་སྤྱིའི་འབྲེལ་ལམ་དང་ཚོང་འབྲེལ་ཐོག་གི་རྩོམ་བྲིས་པ་སྐུ་ཞབས་པི་ཀེ་ལྦ་སུ་རྡེ་ལྦས་གསུངས་འདུག།
དེ་ཡང་ཁོང་གིས་རྩོམ་བྲིས་ཤིག་གི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་གཙང་ཆུ་ཆེ་ཁག་གི་ཐོག་ཆུ་རག་བརྒྱབ་བཞིན་པ་དང་གཙང་ཆུ་ཁ་བསྒྱུར་བྱེད་བཞིན་པའི་གནད་དོན་དེས་ལྷོ་ཤར་ཨེ་ཤི་ཡའི་ནང་འཁོན་འཛིན་གྱི་རྣམ་པ་ཆེ་རུ་གཏོང་བཞིན་ཡོད་པ་རེད་ཅེས་དང། ཕྱི་ལོ་ ༡༩༨༩ ལོ་ནས་བཟུང་ རྒྱ་ནག་གཞུང་གིས་ རྒྱ་ནག་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་དང་ ཕྱི་ཕྱོགས་སུ་དབང་ཤུགས་ཆེ་རུ་གཏོང་ཐབས་བཅས་ལ་དམིགས་ཏེ་ བོད་ནས་ལྷོ་བྱང་དུ་རྒྱུགས་པའི་གཙང་ཆུ་ཁ་བསྒྱུར་གྱི་ལས་འཆར་འགོ་འཛུགས་བྱས་ཡོད་པ་རེད་ཅེས་གསུངས་འདུག།
ད་དུང་སྐུ་ཞབས་ ལྦ་སུ་རྡེ་བའི་རྩོམ་ཡིག་དེའི་ནང་ བོད་ཀྱི་ས་མཐོ་ནི་འཛམ་གླིང་ནང་གི་ཆུ་བོའི་འབྱུང་ཁུངས་ཆེ་ཤོས་དེ་ཡིན་པ་དང་ ཨེ་ཤི་ཡའི་ཡུལ་གྲུ་འདྲ་མིན་ནང་རྒྱུགས་པའི་གཙང་ཆུ་ཆེ་ཁག་བཅུའི་འབྱུང་ཁུངས་ཡང་ཡིན་པར་བརྟེན་ ལྷོ་ཤར་ཨེ་ཤི་ཡའི་ཁུལ་དུ་གནས་པའི་འཛམ་གླིང་ནང་གི་མི་འབོར་ཐེར་འབུམ་གཉིས་ལྷག་གི་འཚོ་གནས་ཡང་གཙང་ཆུ་དེ་དག་ལ་བརྟེན་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་ནང་གི་གཙང་ཆུ་ཁག་ལ་ཆུ་རག་རྒྱབ་པ་དང་ གཙང་ཆུ་ཁ་བསྒྱུར་བྱེད་བཞིན་པ་དེ་དག་གིས་ རྒྱ་གར་དང་བལ་ཡུལ་ ཨཕ་གནིསི་ཐན་དང་ སྦང་ལ་རྡེཤི་ གཞན་ཡང་ཡུལ་གྲུ་མང་དག་ཞིག་ལ་དོ་ཕོག་ཆེན་པོ་བཟོ་རྒྱུ་ངེས་པ་གསུངས་ཡོད་པ་རེད།