བལ་ཡུལ་ནང་བོད་ཀྱི་བེུད་སྒེར་ལངས་སྲུང་བརྩིར་དམ་དྲག
2018.03.12
བཞུགས་སྒར་རྡ་རམ་སཱ་ལ་གཙོས་བོད་མི་གནས་སྡོད་བྱེད་ཡུལ་གང་སར་བོད་ཀྱི་བུད་མེད་སྒེར་ལངས་སྲུང་བརྩི་ཞུས་ཡོད་ཀྱང་བལ་ཡུལ་ནང་དམ་དྲག་བྱས་འདུག
ཕྱི་ཟླ་ ༣་པའི་ཚེས་༡༢་ཉིན་འདི་ནི་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བེུད་རྣམས་ནས་རྒྱ་ནག་གི་བཙན་འཛུལ་ལ་སྒེར་ལངས་ཀྱི་ལས་འགུལ་སྤེལ་བའི་དུས་དྲན་གྱི་ཉིན་མོ་ཞིག་ཡིན་ཞིང་། བཞུགས་སྒར་རྡ་རམ་སཱ་ལ་གཙོས་བོད་མི་གནས་སྡོད་བྱེད་ཡུལ་གང་སར་བོད་ཀྱི་བུད་མེད་སྒེར་ལངས་དུས་དྲན་ཐེངས་ལྔ་དགུ་བ་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་གནང་ཡོད་ན་ཡང་། བལ་ཡུལ་ནང་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་གཞུང་གིས་བོད་མི་ཚོས་བོད་དོན་དང་འབྲེལ་བའི་བོད་ཀྱི་ཆབ་སྲིད་ཀྱི་སྐོར་ནས་ལས་འགུལ་གང་ཡང་སྤེལ་དུ་མི་བཅུག་པ་བཀག་འགོག་བྱེད་ཤུགས་ཆེ་རུ་བཏང་བཞིན་ཡོད་པར་མ་ཟད། དམིགས་བསལ་འདས་པའི་ཉིན་ཤས་གོང་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བ་དང་བསྟུན་བལ་ཡུལ་གཞུང་གིས་བོད་མི་ཚོས་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་རིགས་སྤེལ་མི་ཆོག་པ་གསལ་བསྒྲགས་བྱས་པ་ལ་བརྟེན་ནས་བལ་ཡུལ་ནང་ཡོད་པའི་བོད་ཀྱི་དོན་གཅོད་ཁང་གིས་ཀྱང་དེ་ལུགས་ཀྱིས་མི་དམངས་མང་ཚོགས་ཡོངས་ལ་བོད་མི་ཚོས་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་རང་ཁྱིམ་དུ་སྲུང་བརྩི་གནང་དགོས་པའི་འབོད་སྐུལ་གསལ་བསྒྲགས་གནང་པ་ལྟར། བལ་ཡུལ་ནང་གསུམ་བཅུའི་དུས་དྲན་ཡོངས་ཁྱབ་ཐོག་ནས་སྲུང་བརྩི་ཞུ་ཐུབ་མེད་ལ། དེ་བཞིན་བོད་ཀྱི་བུད་མེད་རང་དབང་སྒེར་ལངས་ཀྱི་དུས་ཆེན་ཐེངས་༥༩་པ་དེ་ཡང་བལ་ཡུལ་ནང་གི་བོད་མི་ཚོས་བོད་དོན་ཆེད་སྐུ་གཤེགས་ཟིན་པ་ཚོའི་མངོན་འདོད་དང་། ལྷག་བསམ་མཛད་རྗེས་ཡིད་ལ་དྲན་པའི་ཐོག་ནས་སོ་སོའི་ཁྱིམ་ནང་དུ་ཕྱག་མཆོག་འབུལ་བྱས་པ་ལས་ཡོངས་ཁྱབ་ཀྱི་ཐོག་ནས་སྲུང་བརྩི་ཞུས་ཐུབ་མེད་པ་རྒྱལ་ས་ཀཐ་མཱན་ཌུའི་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་ཤེས་རབ་སྒྲོལ་མ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་གསལ་བཤད་གནང་ཡོད་པ་རེད།
ཡང་ཁོང་གིས་འགྲོ་བ་མིའི་རིགས་ཀྱི་རང་དབང་རྩོད་གླེང་ལ་རྒོལ་རྡུང་གཏོང་མཁན་རྒྱ་ནག་གཞུང་ལ་དུས་རྟག་ཏུ་ང་ཚོས་ངོ་རྒོལ་ཡོད་ལ། རང་དབང་དང་དྲང་བདེན་ལ་དགའ་བའི་འཛམ་གླིང་རྒྱལ་སྤྱི་ཚོགས་སྡེ་ཁག་གིས་ང་ཚོ་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོའི་རང་དབང་གི་འབོད་སྒྲར་རྒྱབ་སྐྱོར་མུ་མཐུད་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
གསར་འགོད་པ་རྡོ་རྗེ་མཚོ་དང་། གུ་རུ་ཆོས་སྐྱིད།