བུ་མོ་བདེ་ཆེན་སྤེན་པ་ལགས་ཀྱིས་མྱོང་ཚོར་འགྲེལ་བརྗོད་གནང་བ།
2009.11.06
༄༅༎འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་གཞིགས་ན།དེ་རིང་ཕྱི་དྲོ་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་གི་ཚོགས་ཁང་དུ་བུ་མོ་བདེ་ཆེན་སྤེན་པ་ལགས་ཀྱིས་འདས་པའི་ལོ་གསུམ་ནང་རྒྱ་ནག་དང་བོད་ཡུལ་དུ་འགྲུལ་བཞུད་བྱས་པའི་སྐོར་གྱི་གནས་ཚུལ་རྣམས་འདྲ་པར་བརྒྱུད་འགྲེལ་བརྗོད་བྱས་འདུག
བདེ་ཆེན་སྤེན་པ་ནི་དབྱིན་ཡུལ་ལོན་ཌོན་དུ་སྐྱེས་ཤིང་འཚར་ལོངས་བྱུང་བ་དང༌།ཁོང་ལོ་ཤས་སྔོན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱིན་ནས།པེ་ཅིང་མི་རིགས་སློབ་གླིང་དུ་རྒྱ་སྐད་སློབ་སྦྱོང་བྱེད་པའི་ཞོར་དུ།བོད་རིགས་དང༌རྒྱ་རིགས་གཞོན་སྐྱེས་ཁག་ལ་དབྱིན་སྐད་ཡང་བསླབ་ཡོད་ཀྱང༌།ན་ནིང་རྒྱ་ནག་ཏུ་ཨོ་ལིམ་པིག་མ་ཚུགས་གོང་ལ་རྒྱ་གཞུང་གིས་ཁོ་མོ་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་མི་ཡིན་པའི་དོགས་གཞི་བྱས་ནས་གློ་བུར་དུ་རྒྱ་ནག་ནས་ཕྱིར་འབུད་བྱས་ཡོད་པ་རེད།
ཁོ་མོ་ནི་ན་ནིང་དོན་གྲུབ་དབང་ཆེན་གྱིས་བཟོས་པའི་འཇིགས་བྲལ་ཞེས་པའི་གློག་བརྙན་དང༌།བོད་རིགས་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་གྱི་ཆེད་རྩོམ་རྣམས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱེད་མཁན་གཙོ་བོ་ཞིག་ཀྱང་ཡིན་པ་རེད།ད་ལན་ཁོང་ཐོག་མར་རྒྱ་ནག་ཏུ་སོང་སྐབས་ཀྱི་ཚོར་སྣང་དང༌།མི་རིགས་སློབ་གླིང་དུ་ཡོད་པའི་བོད་རིགས་གཞོན་སྐྱེས་རྣམས་ཀྱི་རྣམ་ཀུན་གྱི་གནས་སྟངས།རྒྱ་ནག་གི་དུས་ཆེན་ཁག་ཏུ་བོད་དོན་དང་འབྲེལ་བའི་རྣམ་འགྱུར་སྟོན་སྟངས།རྒྱ་ཡུལ་དང་བོད་ཡུལ་གྱི་ཁོར་ཡུག་བར་གྱི་ཁྱད་པར།ལྷ་ས་སོགས་སུ་གནས་པའི་བོད་རིགས་རྣམས་ཀྱི་རྒྱུན་ལྡན་གྱི་གནས་སྟངས།རྒྱ་ནག་ཏུ་ཡོད་པའི་བོད་རིགས་ལས་བྱེད་རྒན་པ་རྣམས་ཀྱི་སྐོར།རྒྱ་ནག་དང་བོད་ཁུལ་དུ་གནས་པའི་བོད་རིགས་གཞོན་སྐྱེས་ཁག་གི་ལྟ་བ་འཁྱེར་སྟངས།རྒྱ་རིགས་རྣམས་ཀྱིས་བོད་ཐོག་བལྟ་ཚུལ་སྔ་ཕྱིར་འགྱུར་ལྡོག་ཇི་ཐེབས།རྒྱ་ནག་ནས་ཕྱིར་འབུད་བྱས་རྗེས་ཀྱི་གནས་སྟངས་བཅས་འདྲ་པར་བརྒྱུད་ནས་འགྲེལ་བརྗོད་དང༌།དྲི་བ་ཁག་ལ་ལན་འདེབས་བཅས་བྱས་ཡོད་འདུག།