ཡོ་རོབ་གྲོས་ཚོཌ་འོས་བསྡུའི་འགྲན་བསྡུར་ནང་བོད་མི་མཉམ་ཞུཌ།
2009.05.02
༄༅༎བཙན་བྱོལ་ནང་འཚར་ལོང་བྱས་པའི་དེང་དུས་བོད་ཀྱི་བུད་མེད་སྐལ་བཟང་སྒྲོལ་མ་ལགས་ཀྱིས་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གཅིག་ལོར་འཇིག་རྟེན་གཉེན་སྒྲིག་བརྒྱུད་ཕ་རན་སིར་གཞིས་སྤོས་གནང་ཞིང་རིམ་བཞིན་ཕ་རན་སིའི་ཁྲིམས་མཐུན་མི་སེར་གནང་རྗེས་ད་ཆ་ཕ་རན་སིའི་ཡུལ་མིའི་ངོ་བོའི་ཐོག་ནས་ཡོ་རོབ་གྲོས་ཚོགས་ནང་བོད་དོན་ཐད་ལ་རྒྱབ་སྐྱོར་གནང་མཁན་ཕ་རན་སིའི་ལྗང་ཁུ་ཚོགས་པའི་འཐུས་མིའི་གྲས་སུ་ཚུད་ཕྱིར་ད་ཆ་འོས་བསྡུའི་འགྲན་བསྡུར་ནང་མཉམ་ཞུགས་གནང་བཞིན་པ་ཡིན་པ་རེད།
སྐལ་བཟང་སྒྲོལ་མ་ལགས་ནི་བཙན་བྱོལ་བོད་མིའི་ཁོངས་ནས་རྒྱལ་ཁབ་གྲངས་ཉི་ཤུ་རྩ་བདུན་ལས་གྲུབ་པའི་ཡོ་རོབ་ཀྱི་གྲོས་སྤྱི་འཐུས་མི་ལྷན་ཁང་ནང་བོད་དོན་གྱི་མགྲིན་སྒྲ་མཚོན་ཐབས་སླད་དུ་ལྗང་ཁུ་ཚོགས་པའི་ཚོགས་མིའི་གྲས་སུ་ཚུད་ཐབས་གནང་མཁན་བོད་མི་ཐོག་མ་དེ་ཡིན་པ་རེད།
སྐལ་བཟང་སྒྲོལ་མ་ལགས་ནི་ཕ་རན་སིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་བོར་ཌིཡུས྄་ཟེར་བའི་ནང་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གཅིག་ལོ་ནས་བཟུང་གཏན་འཇགས་གནས་མུས་ཡིན་ནའང་ས་ཁུལ་དེའི་ནང་གི་ཡུལ་མི་ཚོས་བོད་ཀྱི་གནས་ཚུལ་དེ་ཙམ་ཤེས་རྟོགས་མེད་པ་མཁྱེན་ཏེ་བོད་ཀྱི་གནད་དོན་དྲིལ་བསྒྲགས་རྒྱ་ཆེ་གནང་ཐབས་སླད་ཐོག་མ་ཚོགས་པ་ཆུང་ཆུང་ཞིག་བཙུགས་གནང་ཡོད་པ་དང་དེ་རྗེས་ཚོགས་པའི་ལས་དོན་གཞི་རྒྱ་ཆེ་རུ་གཏང་ཕྱིར་ཚོགས་པའི་ངོ་བོ་དང་མིང་བཀྲིས་བདེ་ལེགས་མཐུན་ཚོགས་ཞེས་པར་མིང་བསྒྱུར་གནང་ཡོད་པ་རེད༎