གཞོན་ནུའི་རྒྱུན་ལས་གསུམ་གྱི་ཟས་བཅད་ངོ་རྒོལ་ལ་རྒྱབ་སྐྱོར།
2015.09.25

༄༅༎ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་གསུམ་གྱིས་བོད་དོན་ལ་རྒྱབ་སྐྱོར་དགོས་པའི་དགོས་འདུན་དོན་ཚན་ལྔ་རྒྱལ་ཚོགས་ལ་ཕུལ་ནས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་ནས་དེ་རིང་བར་ཉིན་༡༥ འགྲོ་ཡི་ཡོད་པ་རེད།
ཟས་ བཅད་ངོ་རྒོལ་གི་ལས་འགུལ་ནང་ཞུགས་མཁན་དབུས་སྤྱི་ཁྱབ་རྒྱུན་ལས་རྣམ་པའི་ད་ ལྟའི་སྐུ་གཟུགས་ཀྱི་ལྗིད་ཚད་མར་ཆགས་ནས་གནས་སྟངས་ཞན་དུ་གྱུར་ཡོད་ཀྱང་། ཛ་དྲག་ཆེ་བ་རང་མེད་པར་མུ་མཐུད་དེ་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་པ་དང་ཁོང་ཚོར་རྒྱ་གར་གྲོགས་པོ་སོགས་ཀྱིས་རྒྱབ་སྐྱོར་གནང་བ་དང་། ཁོང་ཚོས་འཚམས་འདྲི་དང་གཟིགས་པར་ཕེབས་ནས་མཇལ་དར་བསྒྲོན་པ་སོགས་གནང་བཞག
ད་རེས་ཁོང་ཚོའི་ཟས་བཅད་ངོ་རྒོལ་ལས་འགུལ་དེའི་སྐབས་མཉམ་འབྲེལ་རྒྱལ་ཚོགས་ལ་དགོས་འདུན་དོན་ཚན་ལྔ་བཏོན་ཡོད་པ་དེ་དག་ནི།
དང་པོ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ནས་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་དོན་གླེང་སློང་གནང་དགོས།
གཉིསཔ། རྒྱ་ནག་གཞུང་ལ་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་ མཁན་བོད་མིའི་དགོས་འདུན་ཁག་ལ་འགན་འཁུར་ཡ་ལན་དགོས་པ་ནན་བསྐུལ་མཐའ་འཁྱོལ་བ་བྱ་དགོས།
གསུམ་པ། རྒྱ་ནག་གཞུང་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཀྱི་བདེན་ དཔང་གསལ་སྟོན་དགོས་པ་ནན་བསྐུལ་བྱ་དགོས།
བཞི་པ། བོད་ཀྱི་དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་ངེས་པར་དུ་གཏོང་དགོས།
ལྔ་པ། རྒྱ་ནག་གཞུང་ལ་བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་གཏོང་རྒྱུར་ནན་བསྐུལ་བྱ་དགོས་པབཅས་ཡིན་པ་རེད།
གསར་འགོད་པ་ཚེ་བརྟན་རྡོ་རྗེ།