བོད་རིགས་གཞོན་སྐྱེས་བློ་བསྟན་ལགས་ནས་རྒྱ་སྒྱུར་སློབ་གསོ་ལག་བསྟར་ལ་ངོ་རྒོལ་བྱས་སྐོར་བརྗོད་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

ཕྱི་ལོ་༢༠༢༡ལོའི་ཟླ་༡༢ཚེས་༢༠ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་སྐྱ་རིང་གྲོང་སྡེ་ནས་ཡིན་པ། བོད་རིགས་གཞོན་སྐྱེས་བློ་བསྟན་ལགས་ནས་རྒྱ་ནག་གཞུང་གིས་ས་གནས་དེའི་སློབ་གྲྭ་ཁག་ཚང་མའི་ནང་རྒྱ་ཡིག་སློབ་ཁྲིད་ལག་བསྟར་དང་འབྲེལ་ནས། སྐད་འཕྲིན་ཚོགས་པ་ཞིག་གི་ནང་རྒྱ་སྒྱུར་སློབ་གསོར་འདོད་མོས་མེད་པའི་སྐད་ཆ་བཤད་རྐྱེན། ས་གནས་ཉེན་རྟོག་པས་འཛིན་བཟུང་གིས་ཟི་ལིང་གྲོང་ཁྱེར་དུ་བཀག་ཉར་བཞག་ཡོད་པ་དང་། ཁོང་ནི་ནམ་རྒྱུན་བོད་ཡིག་བོད་སྐད་སྲུང་སྐྱོབ་ཐད་ལྷག་བསམ་ཅན་ཞིག་ཡིན་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་བརྒྱུད་འབྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། བློ་བསྟན་ལགས་ནི་འདི་ལོ་ལོ་ན་༢༣དང་སློབ་ཆེན་སློབ་མཐར་སོན་པ་ཞིག་ཡིན་པ་དང་། ཁོང་གིས་སྲིད་གཞུང་གིས་སློབ་གྲྭ་ཁག་ནང་བོད་ཡིག་སློབ་དེབ་ཚབ་ཏུ་རྒྱ་ཡིག་སློབ་ཚན་ལག་བསྟར་བྱེད་བཞིན་པ་དེས་མ་འོངས་པར་བོད་རིགས་བྱིས་པ་ཚོར་རང་གི་ཕ་སྐད་དང་རྩ་ནས་འབྲེལ་བ་མེད་པ་བཟོ་ཐབས་ཡིན་སྐོར་སོགས་བཤད་ཡོད་པ་དང། ད་ལྟའི་ཆར་ཁོང་ལ་ཆབ་སྲིད་སློབ་གསོ་སྤྲོད་དགོས་སྐོར་བརྗོད་ནས་ཟི་ལིང་གྲོང་ཁྱེར་དུ་ཁྲིད་དེ་བཀག་ཉར་འོག་བཞག་ཡོད་ན་ཡང་། ཟི་ལིང་གི་ས་གནས་གང་ཞིག་ཏུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོག་མེད་པ་མ་ཟད། ནང་མི་ཚོར་ཁ་པར་ཡོང་ནས་བཀག་ཉར་དང་སློབ་གསོ་སྤྲོད་བཞིན་ཡོད་པ་གསལ་བཤད་ལས་ཐུག་འཕྲད་སོགས་གང་ཡང་བྱེད་བཅུག་གི་མེད་སྐོར་འགྲེལ་བརྗོད་གནང་བྱུང་།
སྤྱིར་རྒྱ་ནག་གཞུང་གིས་འདི་ལོ་མཚོ་སྔོན་ཞིང་ཆེན་མངའ་ཁུལ་གྱི་གཞུང་འབྲེལ་སློབ་གྲྭ་ཁག་ཏུ་རྒྱ་སྒྱུར་སློབ་གསོའི་ཆེད་དུ། བོད་ཡིག་གི་སློབ་དེབ་མང་ཆེ་བའི་ཚབ་ཏུ་རྒྱ་ཡིག་སློབ་དེབ་ལག་བསྟར་བྱེད་བཞིན་པ་མ་ཟད། མགོ་ལོག་ཁུལ་གྱི་རྫོང་མང་པོའི་ནང་བོད་པ་ཚོས་ཆེད་འཛུགས་གནང་བའི་སྒེར་གཉེར་སློབ་གྲྭ་མང་པོ་ཞིག་བཙན་ཐབས་ཀྱིས་སྒོ་རྒྱག་བཅུག་ཡོད་པ་དང་། འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༩ནས་བཟུང་སློབ་གྲྭ་ཚང་མའི་ནང་རྒྱ་ཡིག་འབྲི་སྦྱོང་གི་རྨང་གཞི་ཞེས་པ་ལག་བསྟར་གྱིས། བོད་ཡིག་སློབ་ཚན་ཁག་སློབ་ཚན་ཕལ་བའི་ངོ་བོར་བཞག་ཡོད་པ་དང་། གནད་དོན་དེར་སློབ་ཕྲུག་གི་ཕ་མ་མང་པོས་མི་འདོད་པ་ཡོང་གི་ཡོད་ན་ཡང་ཐབས་ཤེས་གང་ཡང་མེད་པ་ཞིག་ཆགས་ཡོད་སྐོར་བརྗོད་བྱུང་།
རྒྱ་ནག་གཞུང་གིས་དེ་སྔ་ནས་བཟུང་བོད་ཁུལ་གྱི་སློབ་གྲྭ་ཁག་ནང་བོད་ཡིག་བོད་སྐད་སློབ་ཁྲིད་ཐད་དམ་དྲག་གི་སྲིད་བྱུས་ལག་འདྲ་མིན་ལག་བསྟར་བྱས་ཡོད་པ་དང་། ལྷག་པར་དུ་འདི་ལོ་བོད་ཡིག་གཙོ་ཁྲིད་ཀྱི་སློབ་གྲྭ་མང་དག་ཅིག་སྒོ་བརྒྱབ་བཅུག་ཡོད་པ་མ་ཟད། སྔར་ལོའི་ཕྱི་ཟླ་༨་ཚེས་༢༤་ཉིན་རྔ་བ་ཕྱོགས་ནས་བོད་རིགས་ན་གཞོན་སློབ་མ་ཤེས་རབ་རྡོ་རྗེ་ཡིས་རྒྱ་ནག་གཞུང་གིས་ཡུལ་ཕྱོགས་དེར་རྒྱ་ཡིག་གཙོ་ཁྲིད་སློབ་གསོའི་ཚོགས་འདུ་ལ་མ་བཅར་བས་འཛིན་བཟུང་དང་། མགོ་ལོག་དར་ལོག་རྫོང་ནས་བོད་མི་གཞོན་སྐྱེས་མགུལ་གྲགས་དང་དབྱངས་རིས་གཉིས་ནས་རྒྱ་སྒྱུར་སློབ་གསོར་ངོ་རྒོལ་བྱས་རྐྱེན་འཛིན་བཟུང་བཀག་ཉར་སོགས་བྱས་པ་མ་ཟད། བོད་རིགས་དགེ་རྒན་རིན་ཆེན་སྐྱིད་འཛིན་བཟུང་གིས་ད་དུང་གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།