རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པར་ངོས་ལེན་མེད་ཅེས་བོད་དོན་འཐབ་རྩོད་པ་ཚོས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་དང་བསྟུན་གཞི་རྒྱ་ཆེ་བའི་ངོ་རྒོལ་སྤེལ་འདུག

འདི་ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ཧྲིལ་བོ་༧༣འཁོར་བའི་རྒྱལ་སྟོན་གྱི་ཉིན་མོ་དང་སྟབས་བསྟུན། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པར་ངོས་ལེན་མེད་པ་དང་། ནད་ཡམས་གཙང་སེལ་གྱི་སྲིད་བྱུས་སོགས་བོད་མི་རྩ་མེད་བཟོ་ཐབས་ཀྱི་ཛ་དྲག་གནས་སྟངས་འགྲོ་བཞིན་པར་ངོ་རྒོལ་མཚོན་ཆེད། བཞུགས་སྒར་དུ་སྤྱི་ཟླ་༡༠པའི་ཚེས་༡ཉིན་གྱི་ཉིན་རྒྱབ་། བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ནས་གོ་སྒྲིག་གནང་སྟེ། བཞུགས་སྒར་ཁྲོམ་གཞུང་དུ་ཤོག་བྱང་བཟུང་ནས་ངོ་རྒོལ་ལས་འགུལ་སྤེལ་གནང་ཡོད་ཅིང་། སྐབས་དེར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་ཀྱིས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ནད་ཡམས་གཙང་སེལ་གྱི་ལས་འགུལ་ནི། བོད་མི་རྩ་མེད་ཀྱི་ཆ་ཤས་ཤིག་ལ་ངོས་འཛིན་གནང་གི་ཡོད་ཅེས་གསལ་སྟོན་གནང་འདུག ཁོང་གིས་ད་དུང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས། འཛམ་གླིང་གི་སྣེ་ཁྲིད་རྒྱལ་ཁབ་ཚོས་བོད་ནང་གི་བོད་མི་ཚོ་མགྱོགས་མྱུར་སྲུང་སྐྱོབ་གནང་རོགས། བོད་མི་མང་པོ་འུ་ཐུག་ནས་རང་སྲོག་གཅོད་མཁན་མང་པོ་ཡོང་བཞིན་པ་སོགས་འབོད་སྐུལ་གནང་འདུག
བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས། རྒྱ་ནག་གཞུང་གིས་དེ་རིང་སྐྱིད་པའི་ཉི་མ་ཞིག་ཏུ་སྲུང་བརྩི་བྱེད་བཞིན་ཡོད་ནའང་། ཕྱོགས་གཞན་ཞིག་ནས་འཛམ་གླིང་ལས་འགུལ་གྱི་ཉིན་མོ་ལ་སྲུང་བརྩི་དང་ལས་འགུལ་སྣ་མང་སྤེལ་བཞིན་པའི་ཉིན་མོ་ཞིག་ཡིན་པས། ང་ཚོས་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་དང་། རྒྱ་ནག་གིས་བོད་དབང་བསྒྱུར་ལ་མོས་མཐུན་མེད་པ་མ་ཟད། གཞིས་ལུས་བོད་མི་ཚོར་རྒྱབ་སྐྱོར་གནང་གི་ཡོད་ཅེས་འགྲེལ་བརྗོད་གནང་འདུག
ཡང་ཉིན་དེར་སྒང་ཏོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་སྒང་ཏོག་ནང་གིས་བོད་པའི་གཞུང་འབྲེལ་མིན་པས་ཚོགས་པ་ཆེ་ཁག་ལྔ་དང་དང་། ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་གི་གོ་སྒྲིག་འོག རྒྱ་ནག་དམར་པོའི་སྲིད་གཞུང་གི་བོད་ནང་བཙན་འཛུལ་དང་དྲག་གནོན་དེ་བཞིན་ཆེ་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་མཚོན་ཆེད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ལག་ཏུ་བོད་ཀྱི་རྒྱལ་དར་དང་སྟོད་གོས་དང་དཔུང་པར་སྒྲོག་ཐག་ནག་པོ་གྱོན་ནས་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་གནང་འདུག
ཐེངས་འདིའི་ལས་འགུལ་དེ་བཞིན་སྒང་ཏོག་ཆོལ་ཁ་གསུམ་ཚོགས་ཁང་ནས་འགོ་བཙུགས་ཀྱི་སྒང་ཏོག་གཞུང་ལམ་རྒྱུད་ཁུལ་དེའི་ནང་གི་མི་ཚོགས་མང་པོ་འཛོམས་སའི་ཁྲོམ་ར(MG Marg)བར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་དང་། ས་གནས་ཡུལ་མི་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོ་ལ་ཡིག་ཆ་འགྲེམས་སྤེལ་སོགས་གནང་ནས་རྔམ་སྟོན་ཁྲོམ་སྐོར་གནང་ཡོད་པ་དང་། ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྒན་བསོད་ནམས་རྒྱལ་མཚན་ལགས་ཀྱིས། ཁོང་ད་རེས་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་དོན་གཙོ་བོ་ནི། རྒྱ་ནག་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པ་ཡོང་བ་ཡིན་ཞེས་གསུངས་ཡོད་པ་དང་། ཡང་ལས་འགུལ་བ་བདེ་སྐྱིད་སྒྲོལ་དཀར་ལགས་ཀྱིས་རྒྱ་ནག་གཞུང་གི་བོད་ནང་ཏོག་དབྱིབས་ལ་ཁ་གཡར་ཏེ། བོད་མིར་ཚད་ལས་བརྒལ་བའི་སྡུག་རྩུབ་བྱེད་བཞིན་པ་ལ་མཐའ་གཅིག་དུ་ངོ་རྒོལ་བྱེད་ཆེད་ལས་འགུལ་ནང་མཉམ་ཞུགས་གནང་པ་ཡིན་ཞེས་བརྗོད་འདུག
མི་དམངས་ཚོས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ད་རིང་སྒང་ཏོག་ཁུལ་གྱི་བོད་པའི་ཟ་ཁང་དང་ཚོང་ཁང་ཆ་ཚང་སྒོ་རྒྱག་ཡོད་པ་རེད་འདུག
ཡང་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་དང་བསྟུན་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་ས་ལྡི་ལིར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ནང་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་བྱེད་སྐབས། རྒྱ་གར་ཉེན་རྟོག་པས་ལས་འགུལ་བ་༧༣འཛིན་བཟུང་བྱེད་པ་ཡོད་པ་རེད། བོད་དོན་ལས་འགུལ་བ་ཚོས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་དེང་སྐབས་བོད་ནང་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པའི་དུས་སྐབས་དེར། རྒྱ་གཞུང་གི་བོད་མིའི་ཚེ་སྲོག་ལ་སྣང་མེད་བཏང་པ་དེ་མཚམས་འཇོག་གི་ཡིད་ཟབ་དགོས་རྒྱུ་སོགས་གཙོ་བོ་རྒྱ་གཞུང་ལ་དགོས་འདུན་དོན་ཚན་གསུམ་སྟོན་ཏེ་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་། ལས་འགུལ་བ་རྣམས་ངོ་རྒོལ་བྱེད་སྐབས་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱེད་དེ་རྒྱལ་ས་ལྡི་ལི་མན་ཏྲི་མར་ཀ་ཉེན་རྟོག་ཁང་དུ་བཀག་ཉར་བྱེད་བཞིན་ཡོད་འདུག
དེའི་སྐོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་བརྗོད་དོན། བོད་མི་ལས་འགུལ་བ་ཚོས་བོད་རང་བཙན་དགོས་པ་དང་བོད་ནང་བོད་མི་དམར་བསད་གཏང་རྒྱུ་མཚམས་འཇོག་དགོས་པ་དང་། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་སོགས་འབོད་སྒྲ་སྒྲོགས་ཡོད་འདུག
ངོ་རྒོལ་གནང་མཁན་རྣམས་ནི་བཞུགས་སྒར་རྡ་རམ་ས་ལ་དང་། ལྡི་ལི་བསམ་ཡས་གླིང་དང་། རོ་ཧི་ནི་དང་དེ་བཞིན་པོན་ཌོ་དང་། ཧར་བྷ་པུར་དང་། དྷ་ལ་ཨོ་སི་དང་། པུར་ཝ་ལ་བཅས་བོད་ཀྱི་གཞོན་ནུའི་ཡན་ལག་ས་གནས་ཁག་ནས་ཡིན་པ་དང་། གཞོན་ནུ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་གསུངས་ན། བོད་དོན་བདེན་མཐའ་མ་སེལ་བར་དུ་བོད་མི་ཚང་མས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་འགན་འཁུར་གྱི་མཉམ་ཞུགས་གནང་རྒྱུ་གལ་ཆེན་པོ་ཡིན་པའི་འགྲེལ་བརྗོད་གནང་འདུག
རྒྱ་གར་གཙོས་པའི་འཛམ་གླིང་ས་ཁུལ་ཁག་གི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ས་གནས་ཁག་ཏུ་ཆེ་ཆུང་ལ་མ་ལྟོས་པར་ཉིན་བརྒྱ་དུས་གཅིག་ཏུ་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་ཡོད་པ་རེད།
ད་རིང་གཟའ་སྤེན་པ་སྟེ་ཚེས་གཅིག་གི་ཉིན་རྒྱབ་ཆུ་ཚོད་གཉིས་པའི་ཐོག་འདི་ག་རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པ་དང་། གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱེད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་པས་སྤྱི་བསྒྲགས་སྤེལ་བའི་ནང་། གོང་ཞུས་ཚོགས་པ་ཁག་གི་མི་མང་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་དེ་དག་འཕྲལ་དུ་མཚམས་འཇོག་ཡོང་ཐབས་དང་འཛམ་གླིང་མི་མང་ཚོས་གདུང་སེམས་མཉམ་སྐྱེད་ཀྱི་གདོང་ལེན་གནང་རྒྱུའི་འབོད་སྐུལ་དང་། རྒྱ་གཞུང་ལ་ངོ་རྒོལ་གནང་རྒྱུ་རེད་འདུག
དེ་དང་ཕྱོགས་མཚུངས་ད་རིང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དང་སུད་སི་གྲོང་ཁྱེར་ཛུ་རིཀ་དང་ཕ་རན་སི་སོགས་ས་གནས་ཁག་འདྲ་མིན་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད་འདུག
རྒྱ་ནག་གི་གཙོ་འཛིན་འདས་པོ་མོའོ་ཙེ་ཏུང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་ཚོགས་པ་དང་། ཅཱང་ཅེ་ཧྲི་ཡིས་འགོ་འཛིན་གྱི་རྒྱ་ནག་གོ་མིན་ཏང་མི་སེར་རྒྱལ་ཁབ་གཉིས་ཀྱི་བར། ལོ་ངོ་བཅུ་ཕྲུག་ཁ་ཤས་ཀྱི་རིང་ཆབ་སྲིད་འཐབ་རྩོད་ཀྱིས་དམག་འཁྲུག་བྱས་པའི་མཐར། རྒྱ་ནག་དམར་ཤོག་ཚོགས་པ་ལ་རྒྱལ་ཁབ་ཐོབ་སྟེ་སྤྱི་ལོ་༡༩༤༩ལོའི་ཟླ་༡༠པའི་ཚེས་༡ཉིན་མོར། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་བཙུགས་ཀྱི་ཉིན་མོར་གཏན་འབེབས་ཀྱིས། ལོ་ལྟར་བཞིན་ཉི་མ་དེ་རྒྱལ་སྟོན་དུས་ཆེན་དུ་སྲུང་བརྩི་བྱེད་ཀྱི་ཡོད་ནའང་། རྒྱ་ནག་དམར་ཤོག་གཞུང་གིས་སྤྱི་ལོ་༡༩༥༠ནས་བོད་ནང་དངོས་སུ་བཙན་འཛུལ་བྱས་ཏེ། སྤྱི་ལོ་༡༩༥༩ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཤག་ལྷན་རྒྱས་བཅས། བོད་གཞུང་གི་གནད་ཡོད་མི་སྣ་དང་བོད་མི་འབུམ་གཅིག་ལ་ཉེ་བ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་པས། བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་མུ་མཐུད་དུ་གྱེན་ལངས་ངོ་རྒོལ་གནང་གི་ཡོད་པ་རེད།
གཞན་ཡང་རྒྱ་ནག་དམར་ཤོག་གཞུང་གི་རྒྱལ་སྟོན་ཉིན་མོར་ཐེ་ཝན་ནང་རྒྱ་ནག་གི་དམར་པོའི་གཞུང་གི་རྒྱལ་དར་བསྒྲེངས་འཛུགས་བྱེད་མཁན་བྱུང་ཡོད་པ་དང་ཕྱོགས་གཞན་ཞིག་ནས་ཐེ་ཝན་མང་གཙོའི་ལངས་ཕྱོགས་སུ་འགྲོ་མཁན་རྒྱ་ནག་དམར་ཤོག་གཞུང་ལ་ངོ་རྒོལ་བྱེད་མཁན་ཁག་ཅིག་གིས་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་འདུག
གསར་འགོད་པ་བློ་བྷེ། པ་སངས་ཚེ་རིང་། པད་མ་དངོས་གྲུབ་། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག