༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་གྲ་སྒྲིག
2010.07.04
༄༅༎རྒྱལ་སྤྱིའི་ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༥ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་སྲུང་བརྩིའི་གྲ་སྒྲིག་བྱེད་བཞིན་ཡོད་པའི་སྐོར་རེས་གཟའ་སྤེན་པའི་ཉིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག
དེ་ཡང་བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཟླ་བ་བདུན་པའི་ཚེས་དྲུག་ཉིན་སྐུའི་འཁྲུངས་སྐར་ཉིན་གྱི་གཞུང་འབྲེལ་གྱི་མཛད་སྒོ་ཁག་དང༌། རིག་གཞུང་འཁྲབ་སྟོན་སོགས་བྱེད་སྒོ་སྤེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་དང༌། ཕྱི་ཚེས་༨ཉིན་ཨ་མར་ཨུ་ཇ་ལ་གསར་ཤོག་ལས་ཁང་གིས་མི་དམངས་ཚོར་རྒྱ་གར་དང་བོད་མིའི་རིག་གཞུང་འཁྲབ་སྟོན་གྱི་བྱེད་སྒོ་ཞིག་ཀྱང་གོ་སྒྲིག་གནང་གི་ཡོད་པའི་གནས་ཚུལ་དང༌། དེ་བཞིན་ནུབ་ཕྱོགས་ཁུལ་དུ་མཚོན་ན། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་གི་ཡོད་པ་བཞིན། དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཕྱི་ཟླ་བདུན་པའི་ཚེས་དྲུག་ཉིན་ལོན་ཊོན་དབུས་ཀྱི་ཚོགས་ཁང་ཞིག་ཏུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ལོན་ཌོན་ནེ་ཞེས་པས་རིག་གཞུང་མི་འདྲ་བའི་རོལ་དབྱངས་ཀྱི་འདུ་འཛོམས་ཤིག་གོ་སྒྲིག་བྱས་ཏེ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་དང༌། འཁྲབ་སྟོན་དེའི་ནང་དུ་ཡོ་རོབ་དང་ཨེ་ཤི་ཡའི་ཁུལ་གྱི་སྒྱུ་རྩལ་པ་དང་འཁྲབ་སྟོན་པ་ཡང་མཉམ་ཞུགས་བྱས་ཏེ། གོ་སྒྲིག་གནང་མཁན་གྱིས་འཁྲབ་སྟོན་དེ་ནས་བྱུང་བའི་མ་དངུལ་རྣམས་ཉེ་ཆར་བོད་ཀྱི་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་རང་འབྱུང་གནོད་འཚེ་ཚབས་ཆེ་བྱུང་ཡུལ་དུ་ཞལ་འདེབས་སུ་སྤྲོད་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་བཀོད་བཞག།