ཐའེ་ལྦན་དུ་བོད་དོན་ངོ་སྤྲོད་ཀྱི་ལས་རིམ་ཞིག་སྤེལ་འཆར།
2010.03.03
༄༅༎བཙན་བྱོལ་བོད་གཞུང་ཐའེ་ལྦན་སྐུ་ཚབ་དོན་གཅོད་ལས་ཁང་དང་བོད་ཀྱི་གྲོགས་པོ་ཚོགས་པ་ཞེས་པ་ཐུན་མོང་ཐོག་ནས་ཕྱི་ཟླ་གཉིས་པའི་ཚེས་༢༤ནས་འགོ་བཙུགས་ཀྱིས་ཉིན་གྲངས་ཁ་ཤས་རིང་ཐའེ་ལྦན་གྱི་ཅའོ་ཐུང་སློབ་གྲ་ཆེན་མོའི་ནང་གསུང་བཤད་དང་གློག་བརྙན་གཟིགས་འབུལ་ བགྲོ་གླེང་སོགས་ཀྱི་རྣམ་པའི་ཐོག་ནས་སློབ་ཕྲུག་ཚོར་བོད་དོན་ངོ་སྤྲོད་ཀྱི་ལས་རིམ་ཞིག་སྤེལ་བཞིན་པ་དང་ ཕྱི་ཟླ་གསུམ་པའི་ཚེས་༤ཉིན་བཙན་བྱོལ་བོད་གཞུང་ཐའེ་ལྦན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་རྒྱ་བོད་འབྲེལ་བའི་སྐོར་ལ་གསུང་བཤད་གནང་འཆར་ཡོད་པ་དང་ དེ་བཞིན་སྐུ་ཚབ་དོན་གཅོད་ལས་ཁང་གི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་དང་རྒྱ་ནག་གི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་ཁུང་ཧྲེ་རན་གཉིས་ནས་ཆེས་མཐོའི་རང་སྐྱོང་ཐོབ་ཐང་གནས་བབ་སྐོར་ལ་གསུང་བཤད་གནང་རྒྱུ་ཡིན་ཞིང་དེ་མིན་ཐའེ་ལྦན་ནང་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡན་ལག་ཚོགས་པའི་འགན་འཛིན་ནས་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་ཚོའི་གནས་སྟངས་སྐོར་གླེང་རྒྱུ་སོགས་ཀྱི་ལས་རིམ་སྤེལ་བཞིན་ཡོད་པ་རེད་ དེ་མིན་ཐའེ་ལྦན་གྱི་སློབ་གྲ་ཆེན་མོའི་ནང་བོད་དོན་གོ་རྟོགས་སྤེལ་རྒྱུའི་ལས་རིམ་དེའི་ནང་ ཐའེ་ལྦན་ནང་གི་མཁས་དབང་དང་གནད་དོན་ཉམས་ཞིབ་པ་མང་པོ་ཞིག་ཡང་གདན་འདྲེན་ཞུས་ནས་བོད་དོན་སྐོར་གླེང་གི་ཡོད་འདུག ད་རེས་བོད་དོན་སྐོར་གོ་རྟོགས་སྤེལ་སའི་ཐེ་དབན་གྱི་ཅའོ་ཐུང་མཐོ་སློབ་ཁང་དེ་བཞིན་ ༡༨༩༦ལོར་ རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧད་དུ་གསར་བཙུགས་གནང་ནས་༡༩༥༨ལོར་ཐའེ་ལྦན་ལ་གནས་སྤོས་བྱས་པ་ཞིག་ཡིན་པ་དང་ཅའོ་ཐུང་ཞེས་པའི་མཐོ་སློབ་དེ་བཞིན་ཐའེ་ལྦན་ནང་གི་སློབ་གྲ་ཆེན་མོ་རྙིང་ཤོས་ཀྱི་གྲས་ཤིག་ཡིན་པ་མ་ཟད་ སྙན་གྲགས་ཡང་ཧ་ཅང་ཆེ་བའི་སློབ་གྲ་ཆེན་མོ་ཞིག་ཡིན་པ་དང་སློབ་གྲ་དེའི་ནང་སློབ་གཉེར་གནང་མཁན་སློབ་ཕྲུག་ཚོ་གཙོ་བོ་གློག་ལས་བཟོ་སྐྲུན་གྱི་རིག་གཅིག་རྐང་འཛིན་དང་ཀམ་པུ་ཀྲར་གྱི་ཚན་རིག་ཆེད་གཉེར་སྤྱི་ཚོགས་ཚན་རིགས་དང་དོ་དམ་འགན་འཛིན་སོགས་དེང་དུས་སྤྱི་ཚོགས་ཁྲོད་དགོས་མཁོ་ཧ་ཅང་ཆེ་བའི་ལས་རིག་ཁག་གི་ཐོག་ཆེད་གཉེར་སློབ་སྦྱོང་བྱེད་མཁན་ཤ་ཏག་ཡིན་འདུག