༸གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་༡༠འཁོར་བའི་དུས་དྲན།


2017.10.22
༸གོང་ས་མཆོག་ལ་ཨ་རིའི་གསེར་གྱི་རྟགས་མ་འབུལ་བཞེས་མཛད་ནས་མི་ལོ་༡༠འཁོར་བའི་དུས་དྲན། ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྐབས། ༢༠༠༧།༡༠།༡༧
ཨེ་ཨེཕ་པི།

༄༅༎ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་རྣམས་ནས་དགའ་དད་སྤྲོ་གསུམ་གྱི་ངང་༸གོང་ས་མཆོག་ལ་ཨ་རིའི་གསེར་གྱི་རྟགས་མ་འབུལ་བཞེས་མཛད་ནས་མི་ལོ་༡༠འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་། དེ་ཡང་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་༢༡ཉིན་གྱི་ཕྱི་དྲོ་ས་གནས་བོད་རིགས་རྣམས་ཨ་རིའི་ཝར་ཇི་ནི་ཡ་མངའ་སྡེའི་མེཀ་ལིན་ཞེས་པའི་གྲོང་ཁྱེར་གྱི་ཚོགས་ཁང་ཞིག་ཏུ་འདུ་འཛོམས་གནང་བའི་ཐོག་དུས་དྲན་གྱི་མཛད་སྒོ་དེ་སྲུང་བརྩི་ཞུས་ཡོད་པ་རེད། ༸གོང་ས་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་༡༠འཁོར་བའི་དུས་དྲན་གྱི་མཛད་སྒོ་དེའི་ཐོག་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་སྐུ་མགྲོན་གྱི་གཙོ་བོར་ཕེབས་འདུག་པ་དང་། ཁོང་ནས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་སྐབས། དེ་ལྟ་བུའི་༸གོང་ས་མཆོག་གི་མཛད་པ་འཕྲིན་ལས་དང་འབྲེལ་བའི་དུས་ཆེན་སྲུང་བརྩི་ཞུ་སྐབས། གཙོ་བོ་༸མགོན་པོ་གང་ཉིད་ཀྱི་བཀའ་བཞིན་གྲུབ་པ་ཞིག་བྱེད་དགོས་སྐོར་ལམ་སྟོན་གནང་སོང་། ཁོང་གིས་ད་དུང་། ༸གོང་ས་མཆོག་གི་མཐའ་ཡས་པའི་མཛད་འཕྲིན་ལ་བརྟེན་ནས་རྒྱལ་སྤྱིའི་ནང་གཟེངས་རྟགས་སྣ་ཚོགས་འབུལ་བཞེས་གནང་ཡོད་པ་དང་། དེ་ཡང་གཙོ་བོ་༸མགོན་པོ་གང་ཉིད་ཀྱི་མཛད་འགན་གཙོ་བོ་གསུམ་གཞི་ལ་བཞག་པའི་ཐོག་འཛམ་བུ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་དྲིལ་གྱི་ཆེད་དུ་སྐུ་ངལ་འཛེམས་མེད་ཀྱིས་མཛད་འཕྲིན་སྐྱོང་བ་ལ་བརྟེན་ནས་ཡིན་སྐོར་སོགས་ངོ་སྤྲོད་གནང་ཡོད་པ་རེད།  མཛད་སྒོ་དེའི་ཐོག་ད་དུང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནམ་མཁའ་བསྟན་འཛིན་ལགས་ནས་མཛད་སྒོ་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས། ༸གོང་ས་མཆོག་ནས་བོད་མི་རྣམས་ནམ་ཡང་འདོར་ཐབས་མེད་པའི་ཐོག་ཐུགས་བཅངས་མཛད་ཀྱི་ཡོད་པ་ལྟར། ང་ཚོ་བོད་མི་རྣམས་ནས་ཀྱང་༸མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་གང་ཉིད་ཀྱི་བཀའ་བཞིན་གྲུབ་དགོས་པ་དང་། དེ་ཡང་རང་ཉིད་གནས་སའི་ས་གནས་ཀྱི་ཚོགས་པར་དགོས་ངེས་ཀྱི་ཞབས་ཞུ་གནང་བའི་ཐོག་སྤྱི་དོན་གྲུབ་རྒྱུར་དགོངས་པ་བཞེས་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད། ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་གོ་སྒྲིག་ཞུས་པའི་༸གོང་ས་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་༡༠འཁོར་བའི་དུས་དྲན་གྱི་མཛད་སྒོ་དེ་བཞིན་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུས་སྔོན་བསུས་ཏེ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོ་དེའི་ཐོག་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་དང་བསྟུན་ནས་གསར་རྩོམ་ཞུས་པའི་བོད་མིའི་གཟི་བརྗིད་ཅེས་པའི་གླུ་གཞས་དེ་གཟིགས་འབུལ་ཞུས་ཡོད་པས་མ་ཚད། སྐབས་དེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྐོར་ཕྱོགས་སྒྲིག་ཞུས་པའི་བརྙན་འཕྲིན་ཞིག་ཀྱང་སྤྱན་ལམ་དུ་ཕུལ་ཡོད་པ་རེད།  ཁ་སའི་དུས་དྲན་གྱི་མཛད་སྒོ་དེ་བཞིན་གོ་སྒྲིག་གནང་མཁན་བོད་རིགས་སྤྱི་མཐུན་ཚོགས་པ་ཡིན་པ་དང་། མཛད་སྒོ་ཚོགས་སའི་ཚོགས་ཁང་དང་། ཞལ་ལག་ཡོངས་རྫོགས་མིང་གསལ་གནང་འདོད་མེད་པའི་མི་སྣ་ཞིག་ནས་ཞལ་འདེབས་གནང་ཡོད་པ་རེད།།
གསར་འགོད་པ་པ་སངས་དོན་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎