ཁམས་སྐྱེ་རྒུ་མདོར་དགེ་འདུན་པ་ཚོས་སྨོན་ལམ་གསོལ་འདེབས།
2010.04.17
༄༅༎བོད་མདོ་ཁམས་སྐྱེ་རྒུ་མདོར་ས་ཡོམ་ཤུགས་ཆེ་ཞིག་བརྒྱབ་ནས་ཁུལ་དེར་མི་རྒྱུ་གཉིས་ལ་བསམ་ཡུལ་ལས་འདས་པའི་གོད་ཆགས་ཧ་ཅང་ཚབས་ཆེ་ཕོག་པའི་ཉིན་གསུམ་རྗེས་དེ་རིང་སྐྱེ་རྒུ་མདོའི་ཉེ་འཁྲིས་སུ་རི་འདེབས་ཀྱི་དུར་ཁྲོད་ཅིག་ཏུ་དགེ་འདུན་པ་ཚོས་སྨོན་ལམ་གསུང་འདོན་གནང་བའི་ཐོག་ནས་འདས་གྲོངས་ཕྱིན་པའི་མི་དམངས་ཀྱི་སྐུ་ཕུང་ཚང་མ་མཉམ་དུ་ཕུང་སྲེག་གནང་འདུག
རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་ཡོམ་གྱི་གནོད་འཚེའི་འོག་འདས་གྲོངས་ཕྱིན་པའི་མིའི་གྲངས་འབོར་དེ་༡༡༤༤ལ་སླེབས་ཡོད་པ་དང་བཞིག་རལ་ཕྱིན་པའི་ས་རོ་རྡོ་རོའི་འོག་ནས་ད་བར་བརྙེད་སོན་མ་བྱུང་བའི་གྲངས་ཚད་དེ་༤༡༧ལ་སླེབས་ཡོད་པའི་བསྡོམས་རྩིས་བཏོན་ཡོད་ནའང་ ས་གནས་བོད་མི་ཚོས་རྒྱ་གཞུང་གི་བཏོན་པའི་གྲངས་ཀ་དེ་བདེན་པ་མིན་པ་དང་མི་གྲངས་ཉིས་སྟོང་བརྒལ་བ་འདས་གྲོངས་ཕྱིན་ཡོད་སྐོར་བརྗོད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཁུལ་དེར་མྱུར་སྐྱོབ་ངལ་སེལ་བྱེད་མཁན་རྒྱ་མིའི་དཔུང་དམག་མང་པོ་བཏང་ཡོད་ནའང་ཁུལ་དེ་དང་ཉེ་འཁྲིས་དགོན་སྡེ་ཁག་ནས་དགེ་འདུན་པ་ཚོས་མང་ཚོགས་ལ་གང་ཅིའི་རོགས་རམ་རྒྱ་ཆེ་གནང་བཞིན་ཡོད་པ་ལྟར་མི་མང་གི་སྐུ་ཕུང་དེ་ཚོ་སྐྱེ་རྒུ་མདོའི་དགོན་པའི་ནང་སྡེབ་སྤུངས་གནང་སྟེ་དོ་འདྲེན་སྣུམ་འཁོར་མང་པོའི་ནང་སྐུ་ཕུང་རྩིག་ནས་དུར་ཁྲོད་བར་འོར་འདྲེན་གནང་ནས་དེ་རིང་སྐུ་ཕུང་ཚང་མ་མཉམ་དུ་ཞུགས་འབུལ་གནང་ཡོད་པ་དང་འདས་པའི་ཆེད་དུ་གསོལ་འདེབས་སྨོན་ལམ་ཞུ་ཕྱིར་དུར་ཁྲོད་དུ་མི་དམངས་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་ཡོད་པའི་གནས་ཚུལ་འདུག།