བོད་ནང་གི་ས་ཁུལ་ཁག་ཏུ་རིམས་ནད་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་ཡོད་ཀྱང་སྲིད་གཞུང་གིས་བདག་པོ་མི་རྒྱག་པ་དང་སྨན་མི་རག་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་༨ནས་བཟུང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དང་འབྲེལ། བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཁུལ་ཡོངས་སུ་འདས་པའི་ཟླ་བ་གསུམ་ལྷག་ལ་བཀག་བསྡོམས་དམ་དྲགས་བྱས་ཡོད་པ་བཞིན། ཕྱི་ཟླ་༡༡པའི་ཟླ་མཇུག་ནས་གློ་བུར་རྒྱུ་མཚན་དང་འཆར་གཞི་གང་ཡང་མེད་པར། རིམས་ནད་བཀག་བསྡོམས་གློད་པར་བརྟེན་བོད་ཀྱི་རྒྱལ་ས་ལྷ་ས་དང་མཚོ་སྔོན། རྔ་བ་། གཞན་ཡང་དཀར་མཛེས་སོགས་སུ་བོད་པ་ཚོར་རིམས་ནད་ཤུགས་ཆེར་ཁྱབ་བཞིན་ཡོད་ན་ཡང། རྒྱ་ནག་གཞུང་འབྲེལ་ངོས་ནས་བདག་པོ་གང་ཡང་རྒྱག་གི་མེད་པ་མ་ཟད། བོད་མི་ཚོར་སྨན་དང་ན་ཚ་ལྕི་མོ་ཕོག་མཁན་ཚོར་སྨན་ཁང་དུ་སྨན་ཁབ་མི་རག་པའི་དཀའ་ངལ་འཕྲད་བཞིན་པ་ཡིན་སྐོར། བོད་ནང་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ། རིམས་ནད་དེ་གྲོང་ཁྱེར་དང་གྲོང་གསེབ་བྱས་ཏེ་རྒན་གཞོན་དང་བྱིས་པ་བཅས་ན་ཚ་ཁྱབ་ཆེར་མཆེད་བཞིན་ཡོད་ཀྱང་། རིམས་ནད་ན་མཁན་ཚོར་ནད་རྟགས་གཙོ་བོ་གཟུགས་པོའི་རུས་ཚིགས་ན་བ་དང་།ཚ ་བ་འཕར་བ།གློ་ལུད་རྒྱག་པ་སོགས་ཡིན་པ་དང་། ཡུན་རིང་ནང་དུ་བཀག་བསྡོམས་བྱས་ཏེ་ཁོ་རང་ཚོའི་ཚོགས་འདུ་ཚོགས་སྟེ་སྒྲུབ་དགོས་པའི་ལས་ཀ་ཚང་མ་ཚར་རྗེས། ཚང་མ་ར་ལུག་ནང་བཞིན་བདག་མེད་དུ་གཡུག་ཡོད་པ་མ་ཟད། ན་ཚ་ལྕི་མོ་ཕོག་མཁན་ཚོ་སྨན་ཁང་དུ་སོང་ན་བདག་པོ་མི་རྒྱག་པའི་དཀའ་ངལ་དང་། དེ་བཞིན་སྨན་ཁང་དུ་ཁབ་རྒྱག་མཁན་འབོར་ཆེན་གྱིས།ཉིན་ལྟར་ས་གནས་སྨན་ཁང་ཁག་ཏུ་འཚང་ཁ་བརྒྱབ་ནས་ཡོད་ཀྱང་། སྨན་དང་སྨན་ཁབ་ཀྱིས་མ་འདང་བར་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་ཡོད་སྐོར་བརྗོད་བྱུང་།
གཞན་ཡང་བོད་ཀྱི་ས་ཁུལ་གཞན་དུ་རིམས་ནད་གཅིག་མཚུངས་ཀྱིས་ཁྱབ་གདལ་གདལ་འགྲོ་བཞིན་ཡོད་ན་ཡང་། རྒྱ་ནག་གཞུང་འབྲེལ་ངོས་ནས་རིམས་ནད་ཁྱབ་གདལ་ལ་བལྟོས་མེད་ཀྱིས་ས་ཁུལ་ཁ་ཤས་ནང་སློབ་གྲྭ་ཁག་མུ་མཐུད་ཚོགས་བཞིན་པ་མ་ཟད། སྤྱི་བའི་འདུ་གནས་དང་དགོན་སྡེ་ཁག་སོགས་ཡུལ་སྐོར་བར་སྒོ་ཕྱེ་བཞིན་ཡོད་འདུག་ལ། འབྲེལ་ཡོད་བོད་མི་གཞན་དེས་ན་ཚ་ས་ཁུལ་ཚང་མར་ཁྱབ་ནས་ཕྱིན་སོང་བ་དང་། ནམ་རྒྱུན་གྱི་ཆམ་རིམས་ལས་ལྕི་བ་བྱུང་གི་ཡོད་པ་དང་། ན་ཚ་ལྕི་མོ་ཕོག་མཁན་ཚོར་སྨན་བཅོས་དང་སྨན་མེད་པ་སོགས་ཀྱི་དཀའ་ཁག་ཡོད་ན་ཡང་། ད་ལྟའི་ཆར་འཆི་སྐྱོན་སོགས་ཀྱི་ཉེན་ཁ་དམིགས་བསལ་བྱུང་གི་མེད་སྐོར་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ཚེས་༢༥་ཉིན་རྒྱ་ནག་གཞུང་འབྲེལ་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ལས་ཁུངས་ཟེར་བས་གསལ་བསྒྲགས་སྤེལ་ནས། ད་ནས་བཟུང་རིམས་ནད་དང་འབྲེལ་བའི་ནད་པའི་གྲངས་ཐོ་དང་གནས་ཚུལ་ཡོངས་བསྒྲགས་བྱ་རྒྱུ་མིན་པར། ཉིན་རེའི་རིམས་ནད་གནས་ཚུལ་རྒྱ་ནག་ནད་ཡམས་ཚོད་འཛིན་ལྟེ་གནས་ལས་ཁུངས་ཟེར་བས་བསྡུ་རུབ་ཀྱིས་ཞིབ་འཇུག་དཔྱད་གཞི་ཆེད་མཁོ་སྤྲོད་བྱ་རྒྱུ་ཡིན་པ་བཤད་ཡོད་ན་ཡང་། ཕྱི་ཚེས་༢༥ཉིན་རྒྱ་ནག་ཀྲུང་ཧྲན་སློབ་ཆེན་གྱི་འགོ་ནད་ཚན་པའི་འགན་འཛིན་པིང་ལིའང་ཟེར་བས། མ་འོངས་པའི་ཟླ་བ་གཉིས་ནི་རྒྱ་ནག་ནང་རིམས་ནད་ཁྱབ་གདལ་གྱི་དུས་སྐབས་ཆེ་ཤོས་ཡིན་པས། རིམས་ནད་ཁྱབ་གདལ་གྱི་མཐོ་རླབས་དེ་འཆར་ལ་ཉེ་སྐོར་སོགས་བརྗོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།