ཨ་རུ་ན་ཅལ་བོད་མི་ཁེ་ན་ཌར་ལེན་རྒྱུའི་ལས་གཞི།
2012.02.26
༄༅༎རྒྱ་གར་གྱི་བྱང་ཤར་ཨ་རུ་ན་ཅལ་ཁུལ་གྱི་བོད་མི་བཙན་བྱོལ་བ་ཆིག་སྟོང་ཁེ་ན་ཌའི་གཞུང་གིས་སྐྱབས་བཅོལ་དུ་ལེན་རྒྱུའི་ལས་གཞི་ཐོག་ལ་ཕྱག་ལས་གནང་མཁན་གྱི་ཚོགས་ཆུང་ཞིག་བཙུགས་ཡོད་པའི་ནང་དུ་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དང༌། ཁེ་ན་ཊའི་བོད་ཀྱི་ལས་དོན་འཆར་གཞི་དེའི་འགན་འཛིན། བསྟན་འཛིན་སྒང་དང་མེའོ། ཏི་ཛུ་བཅས་བོད་མི་གཞིས་ཆགས་དེ་གསུམ་གྱི་སྐུ་ཚབ་རེ་རེ་ལས་གྲུབ་པ་ཞིག་ཡིན་པ་རེད།
ཁེ་ན་ཌའི་ཆ་འབངས་དང་ཕྱི་མི་གཞིས་སྤོས་ལས་ཁུངས་ཀྱིས་༢༠༡༡ ལོའི་ཕྱི་ཟླ་གསུམ་པའི་ཚེས་༡༧ ཉིན་ཨ་རུ་ན་ཅལ་ཁུལ་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཁོངས་ནས་བོད་མི་ཆིག་སྟོང་ལེན་རྒྱུའི་གཞུང་འབྲེལ་གྱི་རྩ་འཛིན་ཡིག་ཆའི་འབྲུ་དོན་ནང་གཏན་འབེབས་གནང་བ་ལྟར། དེའི་ཁུལ་གྱི་ཏི་ཛུ་དར་རྒྱས་གླིང་དང༌། ཁྱབ་ཁོངས་ཀྲུ་ཀྲིང༌། བསྟན་འཛིན་སྒང་དང༌། དེའི་ཁྱབ་ཁོངས་སྦུམ་སྡེ་ལ། མེའི་ཆོས་འཕེལ་གླིང་བཅས་བོད་མིའི་གཞིས་ཆགས་ཁག་དེ་དག་ནས་ཁེ་ན་ཊར་སྐྱབས་བཅོལ་ལེན་རྒྱུའི་ཁོངས་སུ་ཚོུད་རྒྱུའི་ཆ་རྐྱེན་ཁག་ཅིག་བཏོན་ཡོད་ཅིང༌། དེའི་ནང་དུ་མི་གྲངས་ཆིག་སྟོན་གཏན་འབེབས་བྱས་པ་དེ་དག་གི་གཙོ་བོ་ཡོངས་ཁུངས་གཞིས་ཆགས་སོ་སོའི་དེབ་འཁོད་ནང་མི་འབོར་ཇི་ཙམ་ཡོད་མེད་ལ་གཞིགས་པའི་གྲངས་ཚད་གཏན་འབེབས་བྱ་རྒྱུ་དང༌། མི་འགྲོ་དེ་ཡང་སྐྱབས་བཅོལ་བ་ཡིན་པ་དང༌། སྐྱབས་བཅོལ་ལག་འཁྱེར་དང་དཔྱ་ཁྲལ་ལག་དེབ་གཉིས་ལ་ཆ་འཛིན་བྱ་རྒྱུ་མ་ཟད། གལ་ཏེ་ལོ་ཚད་མ་ལོན་པ་ཡིན་ན་ཕ་མའི་སྐྱབས་བཅོལ་ལག་འཁྱེར་དང་དཔྱ་ཁྲལ་ལག་དེབ་ལ་ཆ་འཇོག་བྱ་རྒྱུ་ཡིན་པ་རེད།།