ཨོསོ་ཀྲོ་ལི་ཡ་བོད་མི་ཚོས་རྒྱ་ནག་དང་འབར་མའི་ཆེད་མཆོད་འབུལ།
2008.06.02
༄༅༎ཨོསོ་ཀྲོ་ལི་ཡ་ནང་ཡོད་པའི་བོད་རིགས་ཚོགས་པས་དེ་རིང་ཨོསོ་ཀྲོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་ནང་ ད་རེས་ཉེ་ཆར་རྒྱ་ནག་དང་འབར་མ་ ཡུལ་གཉིས་ནང་རང་བྱུང་འབྱུང་བའི་གོད་ཆགས་ནང་གནོད་འཚེ་ཕོག་པའི་མི་མང་གི་ཆེད་མར་མེ་མཆོད་འབུལ་ཞིག་གནང་ཡོད་འདུག
མར་མེ་མཆོད་འབུལ་འདིའི་ གཙོ་བོ་བོད་པའི་དགེ་འདུན་པ་རྣམས་ཀྱིས་སྨོན་ལམ་གསུང་སྐུལ་ཐོག་ ཨོསོ་ཀྲོ་ལི་ཡའི་ནང་རྟེན་གཞི་བྱས་པའི་རྒྱ་རིགས་དང་འབར་མའི་མི་མང་ཁག་ཅིག་ཀྱང་མཉམ་བཞུགས་གནང་ཡོད་པ་རེད་ རྒྱ་རིགས་ཀྱི་སྐུ་ཚབ་ཏུ་ རྒྱ་ནག་དམངས་གཙོའི་མནའ་འབྲེལ་ཚོགས་པའི་ཚོགས་མི་ ཁྲིན་ཅིན་ དང་ འབར་མའི་མི་མང་གི་སྐུ་ཚབ་ སྦེན་ཡ་ གཉིས་ནས་གསུང་བཤད་གནང་ཡོད་འདུག
བོད་རིགས་ཚོགས་པའི་མཆོད་འབུལ་གྱི་བྱ་སྒོ་དེ་ནི་ བོད་མི་ཚོས་རང་ཉིད་འགྲོ་བ་མི་ཞིག་ཡིན་པ་དང་དེའི་ནང་ ནང་པ་ཞིག་ཡིན་པའི་ཆ་ནས་ ད་རེས་རང་བྱུང་འབྱུང་བའི་གོད་ཆགས་ཕོག་པའི་རྒྱ་མི་རིགས་དང་ འབར་མའི་མི་མང་ཚོར་ གདུང་སེམས་མཉམ་སྐྱེད་ཀྱིས་སྨོན་ལམ་གསོལ་འདེབས་ཞུས་པ་ཞིག་ཡིན་སྐོར་གསུངས་ཀྱི་ཡོད་པ་དང་ མཆོད་འབུལ་ཐོག་ཞལ་འདེབས་ཕུལ་མཁན་བྱུང་བ་རྣམས་ རྒྱ་ནག་དང་འབར་མའི་མི་མང་གི་མཐུན་ཚོགས་གཉིས་སོ་སོར་འབུལ་རྒྱུ་ཡིན་སྐོར་བཀོད་ཡོད་པ་རེད་