༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།
2010.10.25
༄༅༎ཁ་ས་ཁེ་ན་ཌ་ནང་གི་བོད་པའི་རིག་གཞུང་ལྟེ་གནས་ཁང་དགའ་ལྡན་ཆོས་ལྡན་གླིང་དུ་ཁེ་ན་ཌའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་གྲོང་ཁྱེར་ལྦེན་ཁུ་ལྦར་ནང་ཡོད་པའི་ཚེང་རྡོག་དགོན་པ་གཉིས་ཟུང་འབྲེལ་ཐོག་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་འདེབས་དང་བཅས་༧གོང་ས་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུས་གནང་འདུག བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བརྟན་ཞུགས་བསྟར་འབུལ་གྱི་རྡོ་རྗེ་སློབ་དཔོན་གནང་ཡོད་པ་རེད།
བརྟན་ཞུགས་བསྟར་འབུལ་ཞུས་གྲུབ་པའི་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ ཁུལ་དེའི་བོད་མི་ཚོའི་དད་པ་དང་དམ་ཚིག་བརྟན་པོའི་སྒོ་ནས་༧གོང་ས་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུས་པ་དེར་བསྔགས་བརྗོད་གནང་འདུག
བརྟན་ཞུགས་བསྟར་འབུལ་གྱི་མཛད་འཆར་གྲུབ་རྗེས། ཉིན་རྒྱབ་དགའ་ལྡན་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་ནང་འདུས་པའི་མང་ཚོགས་ལ་༧གོང་ས་མཆོག་གིས་རྗེ་གཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་བསྩལ་གནང་མཛད་པ་དང༌། མང་ཚོགས་ལ་༧དཔལ་ཎ་ལེན་ཌའི་སྲོལ་རྒྱུན་དང་འབྲེལ་བའི་ནང་ཆོས་ངོ་སྤྲོད་གནང་ཡོད་པ་རེད།
གོང་ཞུས་གསུང་ཆོས་དབུ་འཛུགས་མ་གནང་གོང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ ལྟེ་གནས་ཁང་དེའི་ནང་གསར་བཞེངས་ཞུས་པའི་མ་ཎི་འཁོར་ལོར་རབ་གནས་བཀྲིན་ཆེ་གནང་མཛད་ཡོད་པ་མ་ཟད། ལྟེ་གནས་ཁང་དེར་བོད་པ་དང་རྒྱ་རིགས་དབར་མཐུན་སྒྲིག་གི་འབྲེལ་ལམ་འགོ་འཛུགས་ཀྱི་རྟེན་འབྲེལ་གསོལ་སྟོན་ཐོག་ཕེབས་པའི་སྐུ་མགྲོན་རྣམ་པ་ཚོར་ ༧གོང་ས་མཆོག་གིས་གསུང་བཤད་བསྩལ་གནང་མཛད་ཡོད་པ་དང༌། གྲོས་ཚོགས་གོང་མའི་འཐུས་མི་ཀོན་སིག་ལོ་ཌི་ནི་ནོ་ཡིས་༧གོང་ས་མཆོག་ལ་སྣེ་ལེན་ཞུས་གནང་འདུག།
༧གོང་ས་མཆོག་ད་རེས་ཀྲོ་རན་ཀྲོ་ནང་ཉིན་གྲངས་གསུམ་རིང་ཆིབས་བསྒྱུར་བསྐྱངས་པའི་གནས་ཚུལ་ལ་བྱང་ཨ་རིའི་ནང་གི་རྒྱ་སྐད་ཀྱི་གསར་ལམ་ཁག་གིས་དོ་སྣང་ཆེན་པོ་བྱས་ཡོད་པ་དང༌། ༧གོང་ས་མཆོག་ཚེས་༢༥ད་རང་སྔ་དྲོ་གྲོང་ཁྱེར་ཀྲོ་རན་ཀྲོ་ནས་ཨ་རིའི་གྲོང་ཁྱེར་མ་ཡ་མི་ཕྱོགས་སུ་ཆིབས་ཁ་བསྒྱུར་གནང་མཛད་རྒྱུ་ཡིན་པ་རེད།